
ཨུ་རུ་སིའི་སྲིད་འཛིན་གྱི་ལས་རོགས་པ་ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཚེས24ཉིན་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཡོ་རོབ་གླིང་གིས་ཝུའུ་ཁི་ལན་གྱི་ཉམས་ཉེན་མཇུག་སྒྲིལ་བའི་ཐད་ནས་བཏོན་པའི་ཞི་བདེའི་ཇུས་གཞིར་རྒྱུས་ལོན་བྱས་ཡོད་ཀྱང་། ཇུས་གཞི་དེ་ཨུ་རུ་སིར་མཚོན་ན་འཛུགས་སྐྲུན་རང་བཞིན་མི་ལྡན་པ་དང་། ཨུ་རུ་སིའི་ཕྱོགས་ཀྱི་ཁེ་ཕན་དང་མི་འཚམ་ཟེར།
ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཨུ་རུ་སིའི་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་གོང་གི་བསམ་ཚུལ་དེ་བསྟན་པ་རེད། ནུབ་ཕྱོགས་སྨྱན་བྱད་ཀྱིས་ཡོ་རོབ་གླིང་གི་ཇུས་གཞི་དེ་ཡོ་རོབ་གླིང་གིས་ཨ་མེ་རི་ཁས་བཏོན་པའི་འཆར་གཞི་གསར་བ་ཉེར་བརྒྱད་ཐད་བཏོན་པའི་ལྡོག་ཕྱོགས་ཀྱི་གྲོས་གཞི་ཡིན་ངེས་རེད་ཟེར།
ཐཱ་སི་གསར་འགྱུར་ཁང་སོགས་ཨུ་རུ་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཡོ་རོབ་གླིང་གི་ཇུས་གཞི་ལས་ཝུའུ་ཁི་ལན་དྲག་ཆས་དམག་དཔུང་དང་རྒྱལ་སྲུང་བཟོ་ལས་ཀྱི་གཞི་རྒྱར་ཚད་བཀག་གང་ཡང་མི་བྱེད་པ་སོགས་འཆར་གཞི་གསར་བ་ཉེར་བརྒྱད་ལ་བཟོ་བཅོས་བྱེད་པའི་རེ་བ་མང་བོ་བཏོན་ཡོད་ཀྱང་། འཆར་གཞི་གསར་བ་ཉེར་བརྒྱད་ལས་ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་གཞི་རྒྱ་མི་འབུམ་དྲུག་ལ་ཚོད་འཛིན་བྱེད་དགོས་པའི་རེ་བ་བཏོན་ཡོད།
ཝུའུ་ཧྲ་ཁི་ཧྥུའུ་ཡིས་བཤད་རྒྱུར། མིག་སྔར་ཞི་བདེའི་ཇུས་གཞིར་འབྲེལ་བའི་ཚོད་དཔག་མང་བོ་ཡོད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཐད་ཀར་ཨ་མེ་རི་ཁ་ནས་ཐོབ་པའི་ཆ་འཕྲིན་ལ་ཡིད་ཆེས་བྱེད་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁའི་མགོ་ཁྲིད་པས་ཨ་མེ་རི་ཁའི་ཨ་ལཱ་སི་ཅཱ་མངའ་སྡེའི་ནས་གྲོས་མོལ་བྱེད་སྐབས་གྲོས་བསྡུར་བྱས་པའི་ཇུས་གཞིའི་དོན་ཚན་མང་བོ་ཞིག་ཨུ་རུ་སིའི་ཕྱོགས་ཀྱིས་དང་ལེན་བྱེད་ཐུབ་ཟེར།
ཝུའུ་ཧྲ་ཁི་ཧྥུའུ་ཡིས་ད་རུང་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་མི་འགྱངས་པར་ཨུ་རུ་སིའི་བར་འབྲེལ་གཏུགས་བྱས་ཏེ། ཞི་བདེའི་ཇུས་གཞིའི་བྱེ་བྲག་གི་ནང་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར་ཡང་། བྱེ་བྲག་གི་དུས་ཚོད་བཀོད་སྒྲིག་བྱས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།