ཨུ་རུ་སི་དང་ཐུར་ཁེའི་སྲིད་འཛིན་གྱིས་ཝུའུ་ཁི་ལན་གྱི་ཞི་བདེའི་ཇུས་གཞིའི་ཐད་ནས་ཁ་པར་གྲོས་མོལ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཨུ་རུ་སིའི་སྲིད་འཛིན་དྲ་ཚིགས་ཀྱིས་ཚེས24ཉིན་གསར་འགྱུར་སྤྱི་བསྒྲགས་སྤེལ་ཏེ། ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་དང་ཐུར་ཁེའི་སྲིད་འཛིན་ཨེ་ཨར་ཏའོ་ཨན་གཉིས་ཀྱིས་ཉིན་དེར་ཁ་པར་བརྒྱུད་དེ། ཝུའུ་ཁི་ལན་གྱི་ཞི་བདེའི་ཇུས་གཞི་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཟེར།

སྤྱི་བསྒྲགས་ལས་བཤད་རྒྱུར། ཕུའུ་ཅིན་གྱིས་བསྟན་དོན། ཨ་མེ་རི་ཁས་བཏོན་པའི་ཞི་བདེའི་ཇུས་གཞི་དེ་ཨུ་རུ་སི་དང་ཨ་མེ་རི་ཁའི་མགོ་ཁྲིད་པས་ཨ་ལཱ་སི་ཅཱ་ནས་གྲོས་མོལ་བྱེད་སྐབས་གྲོས་བསྡུར་བྱས་པའི་ནང་དོན་དང་གཅིག་འདྲ་ཡིན་པ་དང་། རྩ་དོན་སྟེང་ནས་ཆེས་མཇུག་མཐའི་ཞི་བདེའི་ཇུས་གཞིའི་རྨང་གཞིར་བྱས་ཆོག་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་མཇུག་སྒྲིལ་བར་རེ་བའི་ལངས་ཕྱོགས་བསྐྱར་སྒྲོག་བྱས།

ཨེ་ཨར་ཏའོ་ཨན་གྱིས་བསྟན་དོན། ཐུར་ཁེ་ཕྱོགས་ཀྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གྲོས་མོལ་ཐད་དགོས་ངེས་ཀྱི་རོགས་འདེགས་གང་རུང་བྱེད་འདོད་ཡོད་པར་མ་ཟད། མུ་མཐུད་དུ་ཐུར་ཁེའི་ཆེས་ཆེ་བའི་གྲོང་ཁྱེར་དབྱེ་སི་ཐན་པོར་དེ་གྲོས་མོལ་གྱི་སྟེགས་བུར་བྱེད་འདོད་ཡོད་ཟེར།

སྤྱི་བསྒྲགས་ལས་བསྟན་དོན། ཨུ་རུ་སི་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་རིམ་པ་སོ་སོ་ནས་ཝུའུ་ཁི་ལན་ཉམས་ཉེན་ཐད་ནས་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་པར་འཐད་པ་བྱུང་ཟེར།

ཐུར་ཁེའི་སྲིད་འཛིན་བཞུགས་ཤག་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། ཨེ་ཨར་ཏའོ་ཨན་དང་ཕུའུ་ཅིན་གཉིས་ཀྱིས་ཁ་པར་གྲོས་མོལ་བྱེད་སྐབས་ཐུར་ཁེ་དང་ཨུ་རུ་སིའི་འབྲེལ་བ་དང་། ཝུའུ་ཁི་ལན་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ལ་གྲོས་བསྡུར་བྱས། ཨེ་ཨར་ཏའོ་ཨན་གྱིས་བསྟན་དོན། ཐུར་ཁེ་ཡིས་སྔར་བཞིན་དུ་ཕྱོགས་སོ་སོའི་ཐད་ཀར་འབྲེལ་འདྲིས་དང་ས་ཁུལ་གྱི་ཡུན་རིང་ཞི་བདེ་ལ་རོགས་འདེགས་བྱེད་པའི་ཕྱི་འབྲེལ་གྱི་གྲོས་གཞི་དང་འཆར་གཞི་གང་རུང་ལ་བྱས་རྗེས་འཇོག་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།