ཡོ་རོབ་གླིང་གི་མགོ་ཁྲིད་པས་ཝུའུ་ཁི་ལན་གྱི་ཞི་བདེའི་གྲོས་མཐུན་དེ་ཡོ་རོབ་གླིང་དང་ཝུའུ་ཁི་ལན་གཡོལ་མི་རུང་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱིས་ཚེས23ཉིན་རི་ནེ་ཝ་ནས་གྲོས་མོལ་བྱས་ཏེ་ཞི་བདེའི་སྒྲོམ་གཞིའི་གྲོས་མཐུན་གསར་བསྒྱུར་བྱེད་པར་དམིགས་ནས། བསྟུད་མར་ཉིན་འགའི་རིང་ལ། ཡོ་རོབ་གླིང་མནའ་འབྲེལ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོའི་མགོ་ཁྲིད་པས་བསྟན་དོན། དེ་ནི་ཝུའུ་ཁི་ལན་གྱི་ཞི་བདེའི་འཕེལ་རིམ་ཁྲོད་ཀྱི་སྣང་ཚུལ་བཟང་བོ་ཞིག་ཡིན་ཡང་། འགྲན་རྩོད་མང་བོར་འཕྲད་ཡོད་པས། ཡོ་རོབ་གླིང་དང་ཝུའུ་ཁི་ལན་གྱིས་ངེས་པར་དུ་ཞི་བདེའི་གྲོས་མཐུན་གཏན་འབེབས་བྱེད་སྐབས་ནུས་པ་འདོན་སྤེལ་བྱེད་དགོས་ཟེར།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་གསལ་སྒྲོག་སྤེལ་ཏེ་ནན་གྱིས་བསྟན་དོན། དྲག་ཤུགས་ལ་བརྟེན་ནས་རྒྱལ་མཚམས་བསྒྱུར་མི་རུང་བ་དང་། ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་ལ་ཚད་བཀག་གང་རུང་བྱེད་མི་རུང་ལ། རྒྱལ་ཁབ་དེར་མ་འོངས་པར་དཔུང་འཇུག་ཐེབས་ཚེ་ཡོ་རོབ་གླིང་གི་བདེ་འཇགས་ལ་གནོད་པ་ཐེབས་སྲིད་པས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་གྱི་ཞི་བདེ་ལ་འགན་སྲུང་བྱེད་པའི་ཐད་ངེས་པར་དུ་ནུས་པ་གལ་ཆེན་འདོན་དགོས་པ་དང་། ཝུའུ་ཁི་ལན་ལ་ངེས་པར་དུ་རང་གི་ལས་དབང་གདམ་གསེས་བྱེད་པའི་རང་དབང་དང་བདག་དབང་ཁེ་ཕན་ཡོད་དགོས། ཡོ་རོབ་གླིང་མནའ་འབྲེལ་གྱིས་མུ་མཐུད་དུ་ཝུའུ་ཁི་ལན་དང་ཨ་མེ་རི་ཁ་སོགས་དང་མཉམ་དུ་འབད་བརྩོན་བྱས་ནས། གྲུབ་འབྲས་དངོས་ཐོབ་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

ཕའོ་ལན་གྱི་ཙུང་ལི་ཐུའུ་སི་ཁི་ཡིས་ནན་གྱིས་བསྟན་དོན། ཞི་བདེའི་གྲོས་མཐུན་གང་ཡིན་ཡང་ཕའོ་ལན་དང་ཡོ་རོབ་གླིང་གི་བདེ་འཇགས་ཉམས་ཞན་དུ་གཏོང་མི་རུང་ལ། ཝུའུ་ཁི་ལན་གྱི་དམག་དོན་ནུས་པ་ཇེ་ཞན་དུ་གཏོང་བའི་ཞི་བདེ་དང་ལེན་བྱེད་ཐབས་མེད་ཟེར།

ཧྥུན་ལན་གྱི་སྲིད་འཛིན་སི་ཐུའུ་པུའུ་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ཀྱི་འགན་དབང་ཁྱབ་ཁོངས་སུ་གཏོགས་པའི་ཆོད་དོན་གང་ཡིན་ཡང་། ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཁེར་རྐྱང་གི་ལས་རིམ་བརྒྱུད་དེ་གྲོས་བསྡུར་བྱེད་དགོས་ཟེར།

ཁི་ལོ་ཏི་ཡཱའི་ཙུང་ལི་ཕུའུ་ལེན་ཁི་ཝེ་ཆི་ཡིས་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་བཏོན་པའི་ཞི་བདེའི་འཆར་གཞིར་གནད་དོན་ཚབས་ཆེན་ཡོད་པ་དང་། འཆར་གཞི་དེས་ཝུའུ་ཁི་ལན་གྱི་མངའ་ཁོངས་ཆ་ཚང་ཡོང་བར་གནོད་པ་བཟོས་ཡོད་ཟེར།

འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཝ་ཏི་ཧྥུའུ་ཨར་གྱིས་སྨྱན་བྱད་ལ་ནན་གྱིས་བསྟན་དོན། གྲོས་མཐུན་གང་ཡིན་ཡང་ཡོ་རོབ་གླིང་དང་ཝུའུ་ཁི་ལན་གཡོལ་མི་རུང་ལ། ངེས་པར་དུ་ཝུའུ་ཁི་ལན་གྱི་བདག་དབང་ལ་སྲུང་སྐྱོབ་འགན་སྲུང་བྱེད་དགོས་པ་དང་། ཝུའུ་ཁི་ལན་གྱིས་རང་ཐག་གཅོད་སྐབས་རྣམ་འགྱུར་གང་རུང་སྟོན་པའི་དབང་ཆ་ཡོད་ཟེར།

ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་པཱ་ལོ་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། རི་ནེ་ཝའི་གྲོས་མོལ་ནི་འཛུགས་སྐྲུན་རང་བཞིན་ལྡན་ཞིང་ནུས་ལྡན་ཡིན། འབྲེལ་ཡོད་བྱ་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། དེ་ལས་ཝུའུ་ཁི་ལན་གྱི་བདག་དབང་ལ་བརྩི་འཇོག་དང་ཡོ་རོབ་གླིང་གི་ཁེ་ཕན་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་ཆ་རྐྱེན་བསྐྲུན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།