
ཧྥ་རན་སིའི་ཞིང་ལས་པུའུ་ཡིས་ཚེས24ཉིན་ཁྱབ་བསྒྲགས་བྱས་དོན། ཡོ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་བཏང་ནས་རྒུན་ཆང་ལས་རིགས་ཀྱིས་སྐོར་ཐེངས་གསར་བའི་རྒུན་འབྲུམ་གྱི་རྩ་བ་གཅོད་པའི་འཆར་གཞི་མགོ་བརྩམས་ནས། ཡང་བསྐྱར་མཁོ་འདོན་དོ་མཉམ་ཡོང་བར་བྱེད་པ་དང་དཀའ་སྡུག་གི་གནས་སུ་ལྷུང་བའི་རྒུན་འབྲུམ་འདེབས་འཛུགས་ར་བའི་འཚོ་སྡོད་ནུས་པ་སླར་གསོ་བྱེད་དུ་འཇུག་རྒྱུ་ཡིན་ཟེར།
ཧྥ་རན་སིའི་ཞིང་ལས་པུའུ་ཡི་དྲ་ཚིགས་ཀྱི་སྤྱི་བསྒྲགས་ལས་བཤད་རྒྱུར། སྔོན་རྩིས་གནས་བབ་ཧ་ཅང་ཛ་དྲག་ཡིན་པ་དང་འབྲེལ་ཡོད་མ་དངུལ་སྟེར་བར་ནོར་སྲིད་ཀྱི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་འགོད་པར་སྒུག་དགོས་ཀྱང་། བྱེད་ཐབས་དེ་ལས་སྲིད་གཞུང་གིས་རྒུན་ཆང་ལས་རིགས་སྐྱོབ་པ་དང་ལས་རིགས་དར་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་མཚོན་ཡོད་ཟེར།
ཟླ་འདིའི་ཚེས15ཉིན། རྒུན་འབྲུམ་འདེབས་འཛུགས་མཁན་སྟོང་ཕྲག་མང་བོས་ཧྥ་རན་སིའི་ལྷོ་ཕྱོགས་ཀྱི་རྒུན་ཆང་ཐོན་སྐྱེད་བྱེད་ས་གཙོ་བོ་པེ་ཅི་ཡེ་གྲོང་ཁྱེར་ནས་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ། མ་དངུལ་མེད་པ་དང་ལས་རིགས་ཀྱི་མདུན་ལྗོངས་མག་མོག་ཡིན་པར་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན།
ལས་རིགས་མི་སྣས་བལྟས་ན། ཧྥ་རན་སིའི་རྒུན་ཆང་ལས་རིགས་མིག་སྔར་གནོན་ཤུགས་མང་བོར་འཕྲད་ཡོད་པ་དང་། ཐོག་མར་ནང་མཁོ་ཇེ་དམའ་རུ་སོང་ནས་ཚོང་རའི་བར་སྟོང་ཇེ་ཆུང་དུ་སོང་ཡོད་ལ། ཞོར་དུ་ཨ་མེ་རི་ཁའི་སྒོ་ཁྲལ་སྲིད་ཇུས་ལས་མེ་སྒོར་དང་ཡོ་སྒོར་གྱི་རིན་ཐང་ཇེ་ཞན་དུ་གྱུར་བ་སོགས་ཕྱི་ཕྱོགས་ཀྱི་རྒྱུ་རྐྱེན་ངན་པ་ལས་ལས་རིགས་དེའི་དཀའ་སྡུག་ཇེ་ཆེར་བཏང་ཡོད་པར་འདོད།
བསོད་ནམས་ཚེ་རིང་གིས་བསྒྱུར།