མཱ་ལེ་ཞི་ཡཱ་ཡིས་གསར་གཏོད་རོགས་ལས་ཀྱིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་ས་ཁོངས་ཀྱི་མ་འོངས་པར་ཁྲིད་སྟོན་བྱེད་དགོས་པའི་འབོད་སྐུལ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

མཱ་ལེ་ཞི་ཡཱའི་ཙུང་ལི་གཞོན་པའམ་ནུས་ཁུངས་དང་ཆུ་དོན་ཚུལ་བསྒྱུར་པུའུ་ཡི་པུའུ་ཀྲང་ཧྥ་ཏིས་ལཱ་ཡིས་ཚེས25ཉིན་ཅི་ལུང་ཕའོ་ནས་བསྟན་དོན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་མ་འོངས་པའི་འཕེལ་རྒྱས་ཐག་གཅོད་བྱེད་པའི་གནད་འགག་གི་ལོ་བཅུ་མགོ་བརྩམས་ཡོད་པ་དང་། ས་ཁོངས་རང་གི་རྒྱལ་ཁབ་དག་གིས་ཚན་རྩལ་གསར་གཏོད་ཀྱི་བསྟུན་ནུས་ཇེ་དྲག་ཏུ་བཏང་སྟེ་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཧྥ་ཏིས་ལཱ་ཉིན་དེར2025ལོའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཚན་རྩལ་མཉམ་ལས་དང་འཕེལ་རྒྱས་རྩེ་ཚོགས་མགོ་རྩོམ་པའི་མཛད་སྒོའ་ཞུགས་ཏེ་ཞུ་ཚིག་ཕུལ། ཁོས་བསྟན་དོན། མིག་སྔར་གོ་ལ་ཧྲིལ་བོའི་ཚན་རྩལ་མགྱོགས་མྱུར་ངང་འཕེལ་བཞིན་ཡོད་པ་དང་དཔལ་འབྱོར་གྲུབ་ཚུལ་ལ་ལེགས་སྒྲིག་གང་ལེགས་བྱེད་བཞིན་ཡོད་ལ། མཐུན་སྒྲིལ་རོགས་ལས་དང་གསར་གཏོད་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པ་ནི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ས་ཁོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་རེ་བ་ཡིན་ཟེར།

ཧྥ་ཏིས་ལཱ་ཡིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་འཐབ་ཇུས་རང་བཞིན་གྱི་ཚན་རིག་ཞིབ་འཇུག་གི་དངུལ་གཏོང་ལ་ཤུགས་སྣོན་པ་དང་། གནད་འགག་ལག་རྩལ་གྱི་གསར་སྤེལ་དང་ཚོང་ལས་ཅན་གྱི་བཀོལ་སྤྱོད་ལ་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་བོའི་ཚན་རིག་ཞིབ་འཇུག་ལས་ཁུངས་དང་མཐོ་རིམ་འཇོན་མི་ནང་འགུག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཁོས་ད་རུང་བཤད་རྒྱུར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་མུ་མཐུད་དུ་མཐུན་སྒྲིལ་རོགས་ལས་དང་གཉིས་ཕན་མཉམ་སྤྱོད། མཉམ་དུ་འགན་ཁུར་བའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས། ས་ཁུལ་དེ་ཚན་རྩལ་ནུས་སྩོལ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་མ་འོངས་པར་བསྐྱོད་པར་སྐུལ་འདེད་གཏོང་བར་རེ་བཞིན་ཡོད་ཟེར།

2025ལོའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཚན་རྩལ་མཉམ་ལས་དང་འཕེལ་རྒྱས་རྩེ་ཚོགས་ནས་མདུན་གྲལ་གྱི་ཚན་རྩལ་དང་ཐོན་ལས་རོགས་ལས། མངའ་ཁོངས་བརྒལ་བའི་དངུལ་གཏོང་བཅས་གཙོ་གནད་དུ་བཟུང་ཡོད་ལ། དམིགས་ཡུལ་ནི་ཨེ་ཤ་ཡཱ་དང་གོ་ལ་ཧྲིལ་བོའི་ཚན་རྩལ་སྐྱེ་ཁམས་ཀྱི་བརྗེ་རེས་སྟེགས་བུ་འཛུགས་པའི་ཆེད་རེད། རྩེ་ཚོགས་ལ་ཀྲུང་གོ་དང་ཁཱ་ནཱ་ཏཱ། ཨོ་སི་ཁྲུ་ལི་ཡཱ། དེ་མིན་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་དག་གི་ལས་རིགས་སོ་སོའི་མི་སྣ་ཞུགས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།