མཱ་ཁི་ལུང་གིས་ཧྥ་རན་སི་དང་དབྱིན་ཇི་ཡིས་ཝུའུ་ཁི་ལན་གྱི་བདེ་འཇགས་འགན་སྲུང་བྱ་བའི་ཚན་ཆུང་འཛུགས་རྒྱུ་ཡིན་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་གིས་ཚེས25ཉིན་བསྟན་དོན། ཧྥ་རན་སི་དང་དབྱིན་ཇི་ཡིས་སྣེ་ཁྲིད་ནས་བྱ་བའི་ཚན་ཆུང་ཞིག་བཙུགས་ཏེ། མ་འོངས་པར་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་འཁྲུག་རྩོད་མཚམས་བཞག་རྗེས་ཝུའུ་ཁི་ལན་ཕྱོགས་ལ་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་པར་མཐུན་སྦྱོར་བྱེད་རྒྱུ་ཡིན་པ་དང་། ཨ་མེ་རི་ཁ་དེའི་ནང་ཞུགས་སྲིད་ཟེར།

ཉིན་དེའི་ཕྱི་དྲོར་ཧྥ་རན་སི་དང་དབྱིན་ཇི་ཡིས་སྣེ་ཁྲིད་ཅིང་རྒྱལ་ཁབ30ལྷག་གིས་གྲུབ་པའི་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པའི་དང་བླངས་མནའ་འབྲེལ་གྱིས་བརྙན་རིས་གྲོས་ཚོགས་བསྡུས། མཱ་ཁི་ལུང་གིས་གྲོས་ཚོགས་གྲོལ་རྗེས་ཀྱི་གསལ་སྒྲོག་ནང་གོང་གི་བསམ་ཚུལ་དེ་བསྟན་པ་རེད། ཁོས་བཤད་རྒྱུར། ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་གཉིས་ཀྱང་ཐེངས་འདིའི་བརྙན་རིས་གྲོས་ཚོགས་ལ་ཞུགས་ཡོད་ཟེར།

མཱ་ཁི་ལུང་གིས་བསྟན་དོན། བྱ་བའི་ཚན་ཆུང་དེས་ཝུའུ་ཁི་ལན་ལ་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་པའི་བྱེ་བྲག་གི་བྱ་བ་ཁུར་དུ་ལེན་འདོད་ཡོད་པ་གཏན་འཁེལ་གསལ་བོ་བྱས་ཡོད། དེའི་ནང་ཐུར་ཁེ་ཡིས་གཙོ་བོ་མཚོ་ཐོག་འགོག་སྲུང་ཐད་ཀྱི་བྱ་བའི་འགན་ཁུར་ཡོད་ཟེར།

མཱ་ཁི་ལུང་གིས་ད་རུང་བཤད་རྒྱུར། ཧྥ་རན་སི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་གཞན་པའི་བར་ཇུས་གཞི་ཞིག་གཏན་འབེབས་བྱས་ཏེ། ཨུ་རུ་སིའི་བཀག་འཇོག་བྱས་པའི་ཕྱི་རྒྱལ་གྱི་རྒྱུ་ནོར་ལས་ཝུའུ་ཁི་ལན་ལ་ནོར་སྲིད་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།