
ཧྥ་རན་སིའི་སྨྱན་བྱད་ཀྱིས་ཚེས25ཉིན་བསྒྲགས་པ་ལྟར་ན། ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་གིས་ཉེ་སྔོན་བསྟན་དོན། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་བཏོན་པའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཞི་བདེའི་འཆར་གཞིའི་ཁ་ཕྱོགས་ཡང་དག་ཡིན་ཡང་། ནང་དོན་སྐོར་ཞིག་ལ་སྔར་བཞིན་གྲོས་བསྡུར་བྱས་ནས་འཐུས་ཚང་དུ་གཏོང་དགོས་ཟེར།
ཧྥ་རན་སིའི་སྨྱན་བྱད་ཀྱིས་མཱ་ཁི་ལུང་གིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ལ་འཚམས་འདྲི་བྱེད་སྐབས་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱས་པའི་གནས་ཚུལ་བསྒྲགས། མཱ་ཁི་ལུང་གིས་བསྟན་དོན། ཝུའུ་ཁི་ལན་དང་ཡོ་རོབ་གླིང་གིས་ཨ་མེ་རི་ཁའི་ཇུས་གཞི་ལྷག་ལུས་མེད་པར་དང་ལེན་བྱེད་མི་རུང་། ཝུའུ་ཁི་ལན་གྱིས་དང་ལེན་བྱེད་མིན་དང་ཇི་ལྟར་དང་ལེན་བྱེད་པ་དེ་ཝུའུ་ཁི་ལན་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས་ལ། ཨུ་རུ་སིའི་ཡོ་རོབ་གླིང་གི་བཀག་འཇོག་རྒྱུ་ནོར་དེ་ཇི་ལྟར་ཐག་གཅོད་བྱེད་པ་དེ་ཡོ་རོབ་གླིང་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས་ཟེར།
མཱ་ཁི་ལུང་གིས་བཤད་རྒྱུར། མ་འོངས་པར་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་འཁྲུག་རྩོད་མཚམས་འཇོག་པ་དང་མངའ་ཁོངས་སོགས་ཀྱི་གནད་དོན་ཐད་ནས་གྲོས་འཆམ་བྱུང་རྗེས། ཧྥ་རན་སི་ཡིས་ཝུའུ་ཁི་ལན་ལ་དམག་མི་མངག་གཏོང་བྱས་ཏེ། དབྱིན་ཇི་དང་ཐུར་ཁེ་སོགས་རྒྱལ་ཁབ་ཀྱི་དམག་དཔུང་དང་མཉམ་དུ་ཝུའུ་ཁི་ལན་ལ་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་དགོས་བྱུང་ཡང་། ཝུའུ་ཁི་ལན་གྱི་བདེ་འཇགས་ཐད་ཀྱི་ཐོག་མའི་འགན་སྲུང་ནི་སྔར་བཞིན་ཝུའུ་ཁི་ལན་གྱི་དམག་དཔུང་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།