
ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས25ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཨུ་རུ་སི་ཡིས་ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་གྲོས་མོལ་སྤེལ་བར་བྲེལ་བ་ཆེར་མེད་ཀྱང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ཝུའུ་ཁི་ལན་དང་ཡོ་རོབ་གླིང་བར་གྱི་གྲོས་མོལ་མཇུག་འབྲས་ཐད་ནས་བརྡ་གཏོང་དགོས་པའི་རེ་བ་བཏོན།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཐེངས་མང་བོར་ཨ་མེ་རི་ཁའི་བར་འབྲེལ་འདྲིས་བྱས་པ་དང་། ཨུ་རུ་སི་དང་ཨ་མེ་རི་ཁའི་མགོ་གཙོས་ཨ་ལཱ་སི་ཅཱ་ནས་གྲོས་མོལ་བྱས་པའི་ཐུན་མོང་ལྟ་ཚུལ་བརྩི་སྲུང་བྱེད་འདོད་ཡོད་པ་བསྐྱར་སྒྲོག་བྱས་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་འཆར་གཞི་གསར་བ་ཉེར་བརྒྱད་བཏོན་པ་ལས་གོང་སྨྲས་ཀྱི་ཐུན་མོང་ལྟ་ཚུལ་ལ་བརྩི་སྲུང་བྱེད་འདོད་ཡོད་པ་མཚོན་ཡོད་ཀྱང་། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁས་གོང་སྨྲས་ཀྱི་ཐུན་མོང་ལྟ་ཚུལ་རྒྱུན་འཁྱོངས་བྱས་ཏེ། ཡང་དག་པའི་ལམ་དང་བྲལ་ནས་ལོག་ལམ་དུ་འགྲོ་འདོད་ཀྱི་གཡོ་ཇུས་ཡོད་མིན་གསལ་བོར་མི་ཤེས་ཟེར།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁའི་བར་དུས་ཡུན་རིང་བོའི་འབྲེལ་འདྲིས་ཐབས་ལམ་ཡོད་ཅིང་། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བའི་ལངས་ཕྱོགས་ལ་གཟེངས་བསྟོད་བྱེད་བཞིན་ཡོད། མིག་སྔར་ཨུ་རུ་སིའི་ཕྱོགས་ཀྱིས་འཆར་གཞི་གསར་བ་ཉེར་བརྒྱད་ཀྱི་ནང་དོན་རྒྱུས་ལོན་བྱུང་ཡོད་ཀྱང་། སྨྱན་བྱད་ཀྱིས་ཚོད་དཔག་བྱེད་པའི་པར་གཞི་གསར་བ་མིག་སྔར་ད་རུང་འབྱོར་མེད་ཟེར།
ཁོས་བཤད་རྒྱུར། ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་ཨུ་རུ་སི་ཡིས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པར་གཞོལ་ཡོད་ཟེར། ཁོས་ཡོ་རོབ་གླིང་གིས་གསང་བ་ཤོར་དུ་འཇུག་པའི་བྱ་སྤྱོད་ལ་སྐྱོན་འཛུགས་བྱས་པ་དང་། མཇུག་མཐའི་གྲོས་མཐུན་མ་བཀོད་གོང་གནས་ཚུལ་གང་ཡང་ཕྱིར་ཤོར་དུ་འཇུག་མི་རུང་བར་འདོད་ཡོད། ཡོ་རོབ་གླིང་ཕྱོགས་ཀྱིས་གསང་བ་ཤོར་དུ་བཅུག་པ་དང་། ཚོད་དཔག་བྱས་ནས་འཆལ་གཏམ་བསྒྲགས་པའི་དམིགས་ཡུལ་ནི་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡི་གྲོས་གཞིར་གཏོར་བརླག་བྱེད་ཆེད་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།