
སྐབས་ཞེ་གཅིག་པའི་ཧཱ་ཝ་ནཱ་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་ཚེས24ཉིན་ཁུ་པཱའི་རྒྱལ་ས་ཧཱ་ཝ་ནཱའི་ཁུ་པཱའི་ཚོགས་འགྲེམ་ལྟེ་གནས་ནས་སྤེལ་མགོ་བརྩམས། རྒྱལ་ཁབ་དང་ས་ཁུལ52ནས་ཡོང་བའི་ཁེ་ལས་པ་དང་ལས་ཁུངས700ལྷག་འགྲེམ་སྟོན་ལ་ཞུགས། ཁུ་པཱ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ཁཱ་ནེ་ཨར་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་འགྲེམ་ཁུལ་སྐོར་ཞིག་ལ་ལྟ་སྐོར་བྱས་ཏེ་འགྲེམ་སྟོན་ཚོང་བར་བརྗེ་རེས་བྱས།
ཁུ་པཱའི་ཙུང་ལི་གཞོན་པའམ་ཕྱི་ཕྱོགས་ཉོ་ཚོང་པུའུ་ཡི་པུའུ་ཀྲང་ཕའེ་ལོས་སི་ཨོ་ལེ་ཝ་ཡིས་མགོ་རྩོམ་མཛད་སྒོའི་སྟེང་ཞུ་ཚིག་འབུལ་སྐབས་བསྟན་དོན། མིག་སྔར་ཁུ་པཱའི་དཔལ་འབྱོར་འགྲན་རྩོད་མང་བོར་འཕྲད་པའི་གནས་བབ་འོག སྐབས་འདིའི་འགྲེམ་སྟོན་ཚོགས་འདུ་ཚོང་ལས་རྐྱང་བའི་བྱ་འགུལ་ཁྱབ་ཁོངས་ལས་བརྒལ་ནས། ཁུ་པཱས་དཀའ་ཁག་ཁྱད་བསལ་དང་དཔལ་འབྱོར་འཕེལ་རྒྱས་ཐད་འབད་འབུངས་བྱེད་པའི་ཆོད་སེམས་མངོན་པར་མཚོན་ཡོད། ཁུ་པཱ་ཡིས་ཕྱི་དངུལ་བསྡུས་ནས་ཚོང་རའི་སྣ་མང་ཅན་ལ་སྐུལ་འདེད་གཏོང་བཞིན་ཡོད་པར་མ་ཟད། སྔོན་ཐོན་ལག་རྩལ་དང་དེང་རབས་དོ་དམ་ཉམས་མྱོང་ནང་འགུག་བྱེད་བཞིན་ཡོད་ཟེར།
ཕའེ་ལོས་སི་ཨོ་ལེ་ཝ་ཡིས་བསྟན་དོན། ཨ་མེ་རི་ཁའི་བཀག་སྡོམ་སྲིད་ཇུས་ཀྱི་གནོན་ཤུགས་ཐེབས་ཡོད་ཀྱང་། ཨ་མེ་རི་ཁའི་ཁེ་ལས་དང་ཕྱི་རྒྱལ་གྱི་ཁུ་པཱའི་ཚོང་བའི་འཐུས་མི་ཡང་འགྲེམ་སྟོན་ལ་ཞུགས་ཡོད་པས། ཁུ་པཱ་ཕྱོགས་ཀྱིས་དེར་དགའ་བསུ་བྱེད་བཞིན་ཡོད་ཟེར།
གཙོ་སྒྲུབ་ཕྱོགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། སྐབས་འདིའི་འགྲེམ་སྟོན་ཚོགས་འདུ་ནི་ཟླ11པའི་ཚེས24ཉིན་ནས་ཚེས29ཉིན་བར་སྤེལ་རྒྱུ་ཡིན་ཞིང་། འགྲེམ་ཁུལ་དུ་བརྗོད་དོན་ཆེན་པོ་ལྔ་བཀོད་སྒྲིག་བྱས་ཡོད་ལ། འཐབ་ཇུས་ཁྱབ་ཁོངས་གཙོ་བོ་མང་བོར་ཁེབས་ཡོད། འགྲེམ་སྟོན་ཚོགས་འདུའི་སྐབས་སུ་དངུལ་གཏོང་གླེང་སྟེགས་དང་བཅས་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་ཟེར།
རྒྱུས་ལོན་པ་ལྟར་ན། སྐབས་འདིའི་འགྲེམ་སྟོན་ཚོགས་འདུ་ཡིས་ཚེས25ཉིན་ཀྲུང་གོའི་ཉིན་མོའི་བྱ་འགུལ་སྤེལ་བ་རེད།
ཧཱ་ཝ་ནཱ་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་དེ1983ལོ་ནས་སྤེལ་མགོ་བརྩམས་པ་ཡིན་པ་དང་། ཁུ་པཱའི་ཆེས་གལ་ཆེ་བའི་ཚོང་ལས་འགྲེམ་སྟོན་ཚོགས་འདུ་ཞིག་ཡིན་པར་མ་ཟད། ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་གྱི་ཆེས་གལ་ཆེ་བའི་འགྲེམ་སྟོན་ཚོགས་འདུ་ཞིག་ཀྱང་ཡིན་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།