ལེ་པཱ་ནུན་དང་སེ་ཕུའུ་ལུའུ་སི་ཡིས་མཚོ་ཐོག་རྒྱལ་མཚམས་དགར་བའི་གྲོས་མཐུན་བཀོད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

ལེ་པཱ་ནུན་དང་སེ་ཕུའུ་ལུའུ་སི་ཡིས་ཚེས26ཉིན་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐི་རུ་ཡོད་པའི་སྲིད་འཛིན་གྱི་བཙུགས་ཤག་པཱ་པུའུ་ཏཱ་ཕོ་བྲང་ནས་མཚོ་ཐོག་རྒྱལ་མཚམས་དགར་བའི་གྲོས་མཐུན་བཀོད་དེ། རྒྱལ་ཁབ་གཉིས་ཀྱིས་ས་དཀྱིལ་མཚོ་ཁོངས་ཤར་མའི་རྡོ་སྣུམ་དང་སོལ་རླངས་ཀྱི་སྔོག་བཤེར་བྱ་བའི་ཐད་ཀྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་།

མིང་རྟགས་འགོད་པའི་མཛད་སྒོ་མཇུག་སྒྲིལ་རྗེས། ལེ་པཱ་ནུན་གྱི་སྲིད་འཛིན་ཨོ་ཨིན་གྱིས་དང་སེ་ཕུའུ་ལུའུ་སིའི་སྲིད་འཛིན་ཧི་ལེ་སི་ཐའོ་ཙུའུ་ལེ་ཅི་སི་གཉིས་ཀྱིས་མཉམ་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་སྤེལ་བ་རེད།

གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཨོ་ཨིན་གྱིས་བསྟན་དོན། རྒྱལ་མཚམས་དགར་བའི་གྲོས་མཐུན་ལས་རྒྱལ་ཁབ་གཉིས་ཀྱིས་མཚོ་ཐོག་ཐོན་ཁུངས་ཀྱི་སྔོག་བཤེར་མཉམ་ལས་སླར་གསོ་དང་དེར་ཤུགས་སྣོན་ཐུབ་ངེས་རེད་ཟེར། ཁོས་བསྟན་དོན། མ་འོངས་པར་ཕྱོགས་གཉིས་ཀྱིས་གློག་འཕྲིན་དང་ཡུལ་སྐོར། བདེ་འཇགས་བཅས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལས་གཞིར་སྐུལ་འདེད་གཏོང་སྲིད་ཟེར།

ཧི་ལི་སི་ཐའོ་ཙུའུ་ལེ་ཅི་སི་ཡིས་གྲོས་མཐུན་དེ་ནི་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་ཤིག་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་མགོ་བརྩམས་ནས་ས་ཁོངས་ཀྱི་ནུས་ཁུངས་མཉམ་ལས་ལ་སྐུལ་འདེད་གཏོང་ཐུབ་ཟེར། ཁོས་བཤད་རྒྱུར། མཚོ་ཐོག་རྒྱལ་མཚམས་དགར་བའི་གྲོས་མཐུན་བཀོད་པ་དེ་དབུས་ཤར་ས་ཁུལ་དེ་ཡོ་རོབ་གླིང་གི་ནུས་ཁུངས་བརྩོན་ལེན་བྱེད་སའི་མཁོ་འདོན་རྒྱུ་ལམ་གལ་ཆེན་ཞིག་ཏུ་འགྱུར་ཐུབ་པར་རེ་བ་ཡོད་ཟེར།

ལེ་པཱ་ནུན་དང་སེ་ཕུའུ་ལུའུ་སི་ཡིས་དུས་ཡུན་རིང་བོར་མཚོ་ཐོག་གི་རྒྱལ་མཚམས་དགར་བར་འབད་འབུངས་བྱས་ཏེ། ས་དཀྱིལ་མཚོ་ཁོངས་ཤར་མའི་དཔལ་འབྱོར་ས་ཁུལ་གྱི་ཁེ་ཕན་གསལ་བོ་བྱེད་པར་བརྩོན་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱིས2007ལོར་ཐོག་མའི་གྲོས་མཐུན་ཅིག་བཀོད་དེ། རང་རང་གི་མཚོ་ཁོངས་ཁྱབ་ཁོངས་དགར་མྱོང་ཡོད་ཀྱང་། ལེ་པཱ་ནུན་རྒྱལ་ནང་གི་ཆབ་སྲིད་འགལ་བ་དང་ས་ཁུལ་གྱི་མཚོ་ཐོག་རྒྱལ་མཚམས་རྩོད་གླེང་དབང་གིས་བསྐྱུར་བ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།