
ཀུའེ་ནེ་ཡཱ་པུ་སོའི་དྲག་ཆས་དམག་དཔུང་གིས་ཚེས26ཉིན་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་གསལ་སྒྲོག་སྤེལ་ཏེ། དམག་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་དབང་ཆ་བདག་བཟུང་བྱས་ཡོད་པ་དང་། ཆབ་སྲིད་མི་སྣ་རེ་འགས་རྒྱལ་ཁབ་ཀྱི་གཏན་འཇགས་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ཐག་གཅོད་བྱེད་དགོས་ཟེར།
རྒྱལ་ཁབ་བདེ་འཇགས་དང་སྤྱི་བའི་སྒྲིག་སྲོལ་སླར་གསོའི་མཐོ་རིམི་དམག་དོན་བཀོད་འདོམ་པུའུ་ཡི་མགྲིན་ཚབ་པ་ཏིས་ནེ་སི་ཨིན་ཁྲ་མཱ་ཡིས་བརྙན་འཕྲིན་གསལ་སྒྲོག་ནང་བཤད་རྒྱུར། ཀུའེ་ནེ་ཡཱ་པུ་སོའི་སྲིད་འཛིན་ཨིན་པཱ་ལོ་ཡི་ལས་འགན་བླངས་པ་དང་། བཀོད་འདོམ་པུའུ་ཡིས་སྤྱི་བའི་ལས་ཁུངས་ཚང་མ་གཏོང་བ་དང་། སྨྱན་བྱད་ལས་ཁུངས་ཚང་མའི་བྱ་འགུལ་དང་སྤེལ་བཞིན་བའི་འདེམ་བསྐོའི་ལས་རིགས་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་པར་མ་ཟད། བཀའ་རྒྱ་བཏང་ནས་རྒྱལ་ཁབ་ཀྱི་སྐམ་ས་དང་མཚོ་ཐོག བར་སྣང་བཅས་ཀྱི་རྒྱལ་མཚམས་བཀག་སྡོམ་བྱེད་རྒྱུའི་རེ་བ་བཏོན།
གསལ་སྒྲོག་ལས་ད་རུང་ཁྱབ་བསྒྲགས་བྱས་དོན། དམག་ཕྱོགས་ཀྱིས་ཉིན་དེའི་དགོང་མོའི་དུས་ཚོད་བདུན་ནས་ཕྱི་ཉིན་གྱི་དུས་ཚོད་དྲུག་བར་མཚན་མགྲོན་འགོག་རྒྱུ་ཡིན་ཟེར།
ཀུའེ་ནེ་ཡཱ་པུ་སོའི་སྲིད་འཛིན་དང་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ཚེས23ཉིན་དངོས་སུ་མགོ་བརྩམས་པ་དང་། ཨིན་པཱ་ལོ་འདེམ་བསྐོ་ལ་ཞུགས་ནས་བསྟུད་འགན་ཁུར་བར་བརྩོན་ལེན་བྱེད་བཞིན་ཡོད།
ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ས་དེའི་ཚེས26ཉིན་གྱི་ཉིན་གུང་གི་དུས་ཚོད་གཅིག་ཡས་མས་སུ། རྒྱལ་སའི་གྲོང་ཁྱེར་ལྟེ་གནས་སུ་ཡོད་པའི་སྲིད་འཛིན་བཞུགས་ཤག་གི་ཉེ་འདབས་སུ་མེ་མདའི་སྒྲ་བར་མེད་དུ་གྲགས་པ་དང་། ཉེ་འཁོར་གྱི་མི་མང་བོ་ལང་ལོང་སྒོས་བྲོས་བྱོལ་བྱས། དེའི་རྗེས་སུ་དམག་ལྭ་གྱོན་པའི་མི་སྣས་སྲིད་འཛིན་བཞུགས་ཤག་སུ་བགྲོད་པའི་རྒྱུ་ལམ་གཙོ་བོ་བཀག་སྡོམ་བྱས་ཟེར།
གནས་ཚུལ་ཤེས་མཁན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། མིག་སྔར་ཀུའེ་ནེ་ཡཱ་པུ་སོའི་མཐོ་རིམ་དཔོན་པོ་མང་བོ་བཀག་འཇུག་བྱས་ཡོད་པ་དང་། དེའི་ནང་ནང་སྲིད་པུའུ་ཀྲང་པའོ་ཆེ་ཆན་ཏི་དང་། དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པུས་ཡཱ་ཀི་ནཱ་ཨིན་ཐན། སྤྱི་ཁྱབ་ཇུས་འདོན་དཔོན་གཞོན་པ་མཱ་མཱ་ཏུའུ་ཐའོ་ལོས་སོགས་འདུས་ཟེར།
མིག་སྔའི་བར་དུ་རྒྱལ་སའི་ཞི་འཇགས་ཕལ་ཆེར་སླར་གསོ་བྱས་ཡོད། མཚན་མགྲོན་འགོག་པའི་དུས་ལ་ཉེ་བས། སྲང་ལམ་དུ་ལམ་འགྲོ་བ་དང་རླངས་འཁོར་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད་ལ། འཐབ་ཇུས་གནད་ས་རེ་འགར་དམག་མི་མང་བོ་བཀོད་སྒྲིག་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།