
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཙི་ནད་ཀྱི་འཆར་འགོད་ཁང་གིས་ཚེས25ཉིན་སྙན་ཞུ་སྤེལ་ཏེ། གོ་ལ་ཧྲིལ་བོའི་ཨེ་ཙི་ནད་ཀྱི་འགོག་བཅོས་བྱ་བར་ལོ་ངོ་བཅུ་ཕྲག་འགའི་རིང་ཆེས་ཚབས་ཆེ་བའི་གནོད་པ་ཐེབས་བཞིན་ཡོད་པ་དང་། གོ་ལ་ཧྲིལ་བོས་བྱེད་ཐབས་བསྒྱུར་དགོས་ལ། མཐུན་སྒྲིལ་དང་བསྲན་ཤུགས། དངུལ་གཏོང་། གསར་གཏོད་བཅས་ལ་བརྟེན་ནས་ཨེ་ཙི་ནད་མེད་པར་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར།
2025ལོའི་འཛམ་གླིང་ཨེ་ཙི་ནད་ཀྱི་ཉིན་མོ་ཐོན་ལ་ཉེ་བའི་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཙི་ནད་འཆར་འགོད་ཁང་གིས་བཀག་རྒྱ་སེལ་ནས་ཡང་བསྐྱར་ཨེ་ཙི་ནད་ཀྱི་ཐག་གཅོད་བྱེད་ཐབས་འདོན་དགོས་ཞེས་པའི་སྙན་ཞུ་དེ་སྤེལ་བ་དང་། སྙན་ཞུ་ལས་མངོན་པ་ལྟར་ན། མིག་སྔར་གོ་ལ་ཧྲིལ་བོར་ཨེ་ཙི་ནད་དུག་འགོས་པའི་མི་བྱེ་བ་བཞི་དང་འབུམ་བརྒྱད་ཡོད་ཅིང་། དེའི་ནང་མི་ས་ཡ་དགུ་དང་འབུམ་གཉིས་ལ་གསོ་བཅོས་བྱས་མེད། 2024ལོར་གོ་ལ་ཧྲིལ་བོར་ནད་དུག་གསར་དུ་འགོས་པའི་ནད་པ་ས་ཡ་གཅིག་དང་འབུམ་གསུམ་ཡོད་པ་རེད།
སྙན་ཞུ་ལས་བསྟན་དོན། རྒྱལ་སྤྱིའི་མ་དངུལ་ཇེ་ཉུང་དུ་སོང་བ་དང་གོ་ལ་ཧྲིལ་བོའི་མཐུན་སྒྲིལ་སྙིང་སྟོབས་ཉམས་པའི་དབང་གིས་ཨེ་ཙི་ནད་ཀྱི་འགོག་བཅོས་བྱ་བ་དཀའ་སྡུག་གི་གནས་སུ་ལྷུང་ཡོད། ཨེ་ཙི་ནད་ཀྱི་སྔོན་འགོག་སྨན་རྫས་ཁྱབ་གདལ་གྱི་ཚད་ལྡབ་འགྱུར་གྱིས་ཇེ་ཉུང་དུ་སོང་བ་དང་། ན་གཞོན་བུད་མེད་ལ་དམིགས་པའི་ཇུས་འགོད་བྱས་པའི་ཨེ་ཙི་ནད་ཀྱི་འགོག་བཅོས་རྣམ་གྲངས་མཚམས་བཞག་ཡོད་ལ། ཨེ་ཙི་ནད་སྔོན་འགོག་བྱེད་ཆེད་རང་འགུལ་གྱིས་སྐྱེས་པའི་ཤུན་སྐྱི་གཅོད་པའི་གཤགས་བཅོས་བྱེད་མཁན་གྱི་མི་གྲངས་ཇེ་དམའ་རུ་སོང་ཡོད། དེ་དག་ཚང་མས་ཨེ་ཙི་ནད་ཀྱི་འགོག་བཅོས་དང་ཁྱད་པར་དུ་ནད་དེའི་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་ཡོང་འབབ་དམའ་འབྲིང་གི་རྒྱལ་ཁབ་དག་ལ་གནོད་པ་ཆེན་པོ་ཐེབས་ཡོད་ཟེར།
སྙན་ཞུ་ལས་ད་རུང་བསྟན་དོན། འགྲན་རྩོད་མང་བོར་འཕྲད་ཡོད་ཀྱང་། རྒྱལ་ཁབ་དང་ལས་ཁུངས་རེ་འགའ་ཡིས་མྱུར་མོར་འགུལ་སྐྱོད་སྤེལ་ནས། འགོག་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་དངུལ་གཏོང་ཇེ་མང་དུ་གཏོང་བ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ། གསར་གཏོད་སོགས་བྱེད་ཐབས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཙི་ནད་འཆར་འགོད་ཁང་གིས་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་གོ་ལ་ཧྲིལ་བོ་མཐུན་སྒྲིལ་བྱེད་པ་དང་ ཕྱོགས་མང་རིང་ལུགས། མཉམ་དུ་ཨེ་ཙི་ནད་འགོག་རྒོལ་དང་མེད་པར་གཏོང་བའི་ཐུན་མོང་གི་དམ་བཅའ་བསྐྱར་སྒྲོག་བྱེད་དགོས་པ་དང་། ཨེ་ཅིབ་ནད་ཀྱི་འགོག་བཅོས་མ་དངུལ་གྱི་དངུལ་གཏོང་སྲུང་འཛིན་བྱེད་དགོས་ལ། འགོག་བཅོས་ཇུས་གཞི་གསར་གཏོད་བྱས་ནས་མང་ཚོགས་ཀྱི་བདེ་ཐང་དབང་ཆར་འགན་སྲུང་དང་སྡེ་ཁུལ་གྱི་འགུལ་སྐྱོད་ལ་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཙི་ནད་ཀྱི་འཆར་འགོད་ཁང་གི་ལག་བསྟར་ཀྲུའུ་རིན་པེད་ཨན་དབྱེ་མཱ་ཡིས་བཤད་རྒྱུར། ང་ཚོས་ལོ་ངོ་བཅུ་ཕྲག་འགའི་རིང་གི་ཐོབ་པར་དཀའ་བའི་གྲུབ་འབྲས་དེ་རྨེག་མེད་ལ་གཏོང་དུ་བཅུག་ཆོག་པ་དང་། མཐུན་སྒྲིལ་བྱས་ཏེ་ཨེ་ཙི་ནད་མེད་པར་གཏོང་བའི་ཐུན་མོང་གི་རེ་འདུན་ཐད་འབད་བརྩོན་བྱས་ཀྱང་ཆོག ཨེ་ཙི་ནད་ཀྱི་ནད་དུག་འགོས་པའི་མི་བྱེ་བ་མང་བོའི་ཚེ་སྲོག་དང་བདེ་ཐང་དེ་ང་ཚོའི་དེ་རིང་གི་གདམ་གསེས་ལ་རག་ལས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།