ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པས་ཨ་མེ་རི་ཁའི་མནའ་མཐུན་གྲོགས་པོས་ཀྲུང་གོའི་ཐེ་ཝན་གནད་དོན་གྱི་གལ་ཆེན་རང་བཞིན་ལ་ངོས་འཛིན་གསལ་བོ་བྱེད་དགོས་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་བློན་ཆེན་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཚེས26ཉིན་བསྟན་དོན། ཨ་མེ་རི་ཁའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་མནའ་མཐུན་གྲོགས་པོས་ཀྲུང་གོར་མཚོན་པའི་ཐེ་ཝན་གནད་དོན་གྱི་གལ་ཆེན་རང་བཞིན་ལ་ངོས་འཛིན་གསལ་བོ་བྱེད་དགོས་ཟེར།

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཉིན་དེར་མའོ་སི་ཁོ་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཨ་མེ་རི་ཁའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་མནའ་མཐུན་གྲོགས་པོ་དག་གིས་འགན་ཁུར་བ་དང་ལུགས་མཐུན་གྱི་རྣམ་འགྱུར་བཟུང་ནས་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། ཀྲུང་གོར་མཚོན་པའི་ཐེ་ཝན་གནད་དོན་གྱི་གལ་ཆེན་རང་བཞིན་ལ་ངོས་འཛིན་གསལ་བོ་བྱེད་དགོས་ཀྱང་། རྒྱལ་ཁབ་རེ་འགས་ཉེ་སྔོན་དཀྲུག་འཕེན་གྱི་སྲིད་ཇུས་ལག་བསྟར་བྱས་ཡོད་ཟེར།

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་ཡིས་ཉེ་སྔོན་མངོན་སུམ་འཛེམ་མེད་ཀྱིས་ཐེ་ཝན་ལ་འབྲེལ་བའི་དཀྲུག་འཕེན་གཏམ་བཤད་སྤེལ་བར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་དྲག་པོ་བྱས་རྗེས་སྔར་བཞིན་རང་སྐྱོན་ངོས་ཟིན་མེད། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས20ཉིན་དེའི་ཐད་ནས་དཔྱད་བརྗོད་སྤེལ་ཏེ། འཇར་པན་གྱིས་ཉེ་སྔོན་གྱི་ནོར་འཆུག་གི་གཏམ་བཤད་ཐད་ནས་རང་སྐྱོན་ལ་བསམ་བློ་མི་གཏོང་བར་མ་ཟད། ལོ་ངོ80རྗེས་ཀྱི་ད་ལྟ་ད་རུང་འཛམ་གླིང་འཁྲུག་ཆེན་གཉིས་པའི་མཇུག་འབྲས་ཁས་ལེན་བྱེད་ཀྱིན་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།