
ལྷོ་ཁོ་རེ་ཡཱ་རུ་སྡོད་པའི་ཀྲུང་གོའི་ཉོ་ཚོང་སྐུལ་འདེད་ཚོགས་པའི་འཐུས་མིའི་ཁྲུའུ་ཡིས་སྐབས་བཞི་བའི་ཀྲུང་གོའི་རྒྱལ་སྤྱིའི་མཁོ་འདོན་མུ་འབྲེལ་སྐུལ་འདེད་འགྲེམ་སྟོན་ཚོགས་འདུ་ཆེད་དོན་མཚམས་སྦྱོར་བྱས་པ་དང་། ཆིན་ཧྲང་བྱང་ལམ་གྱི་ཀྲི་ཧྲི་གཞོན་པ་ལིང་ཆིན་ཞི་དང་ལྷོ་ཁོ་རེ་ཡཱའི་ཉོ་ཚོང་དངུལ་གཏོང་དར་སྤེལ་ཀུང་ཧྲེ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཧོང་ཀྲང་ཧྲའོ་སོགས་ལྷོ་ཁོ་རེ་ཡཱ་དང་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དཔལ་འབྱོར་ཚོགས་པ་དང་ཚོང་བའི་མཐུན་ཚོགས། ཁེ་ལས་ཀྱི་འཐུས་མི་བཅས་མི600ལྷག་ཚོགས་འདུར་ཞུགས།
ལྷོ་ཁོ་རེ་ཡཱ་རུ་སྡོད་པའི་ཀྲུང་གོའི་ཉོ་ཚོང་སྐུལ་འདེད་ཚོགས་པའི་འཐུས་མིའི་ཁྲུའུ་ཡི་དབུ་བཞུགས་འཐུས་མི་ཞུའུ་ཙི་ཆང་གིས་བསྟན་དོན། མིག་སྔར་གོ་ལ་ཧྲིལ་བོའི་ཐོན་ལས་མུ་འབྲེལ་མཁོ་འདོན་རྣམ་པར་ལེགས་བསྒྱུར་བྱས་ཡོད་ཅིང་། གཏན་འཇགས་དང་བཀག་མེད། ནུས་མཐོ་བཅས་ཀྱི་ཐོན་ལས་མུ་འབྲེལ་མཁོ་འདོན་གྱི་མཉམ་ལས་མ་ལག་འཛུགས་པ་དེ་ཀྲུང་གོ་དང་ལྷོ་ཁོ་རེ་ཡཱ་རྒྱལ་ཁབ་གཉིས་འདུས་པའི་གོ་ལ་ཧྲིལ་བོའི་བཟོ་ཚོང་ལས་རིགས་ཀྱི་ཐུན་མོང་རེ་འདོད་ཡིན། ཀྲུང་གོ་དང་ལྷོ་ཁོ་རེ་ཡཱ་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་བར་གཞི་གྲངས་དཔལ་འབྱོར་དང་། མི་ཐབས་རིག་ནུས། ནུས་ཁུངས་གསར་བ་སོགས་ཁྱབ་ཁོངས་སུ་རང་རང་ལ་ཁྱད་སྟོབས་ཡོད་པས་ཁ་གསབ་བྱེད་པའི་རང་བཞིན་དྲག་པོ་ལྡན། མཉམ་ལས་ཀྱི་བར་སྟོང་དང་སྦས་ཤུགས་ཆེན་པོ་ཡོད་ལ། མཁོ་འདོན་མུ་འབྲེལ་ཅན་ལ་སྐུལ་འདེད་གཏོང་བའི་འགྲེམ་སྟོན་ཚོགས་འདུ་ནི་ཁེ་ལས་ཀྱིས་ཐོན་ཁུངས་མཉམ་སྤྱོད་དང་ལག་རྩལ་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་ཟེར།
ལྷོ་ཁོ་རེ་ཡཱའི་བཟོ་ཚོང་ལས་རིགས་ཀྱི་འཐུས་མིས་བསྟན་དོན། ལྷོ་ཁོ་རེ་ཡཱ་ཡིས2025ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་རྩེ་ཚོགས་བདེ་བླག་ངང་སྤེལ་བར་ཀྲུང་གོའི་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་ཅིང་། སང་ལོར་སྤེལ་རྒྱུ་ཡིན་པའི་སྐབས་བཞི་བའི་ཀྲུང་གོའི་རྒྱལ་སྤྱིའི་མཁོ་འདོན་མུ་འབྲེལ་སྐུལ་འདེད་འགྲེམ་སྟོན་ཚོགས་འདུ་དང2026ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་རྩེ་ཚོགས་ལ་རེ་སྒུག་བྱེད་བཞིན་ཡོད་ལ། དེ་གོ་སྐབས་སུ་བྱས་ནས་ལྷོ་ཁོ་རེ་ཡཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཁ་གསབ་ཁྱད་སྟོབས་འདོན་སྤྲོད་བྱས་ནས། རྒྱུན་ཆད་མེད་པར་ཐོན་ལས་མུ་འབྲེལ་མཁོ་འདོན་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།