དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ཀྲིན་ཀྲུའུ་ཏང་གི་རྨང་གཞིའི་སྒྲིག་ཆས་མང་བོར་གཏོར་བཤིག་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 3

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས27ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ས་ཁུལ་མང་བོ་ནས་ཀྲིན་ཀྲུའུ་ཏང་གི་རྨང་གཞིའི་སྒྲིག་ཆས་ལ་གཏོར་བཤིག་ཆམ་ཕབ་བཏང་ཟེར། ལེ་པཱ་ནུན་ཕྱོགས་ཀྱིས་བསྟན་དོན། ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ས་ཁུལ་མང་བོར་ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས་ཡོད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཀྲིན་ཀྲུའུ་ཏང་གི་མཚོན་ཆའི་གསོག་ཉར་བྱེད་ས་དང་ཀྲིན་ཀྲུའུ་ཏང་གིས་འཇབ་རྒོལ་བྱེད་སར་བཀོལ་བའི་དམག་དོན་སོ་སྲུང་ཁང་། དེ་མིན་རྨང་གཞིའི་སྒྲིག་ཆས་གཞན་པ་རེ་འགར་གཏོར་བཤིག་བཏང་ཡོད། རྨང་གཞིའི་སྒྲིག་ཆས་དེ་དག་དང་ཀྲིན་ཀྲུའུ་ཏང་གི་ས་ཁུལ་དེ་དག་གི་འགུལ་སྐྱོད་བྱ་སྤྱོད་དེ་དབྱི་སི་རལ་དང་ལེ་པཱ་ནུན་བར་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་ཡོད། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་འགུལ་སྐྱོད་སྤེལ་ནས། དབྱི་སི་རལ་གྱི་འཇིགས་ཉེན་གང་ཡིན་མེད་པར་གཏོང་རྒྱུ་ཡིན་ཟེར།

ལེ་པཱ་ནུན་གྱི་དཔོན་ཕྱོགས་སྨྱན་བྱད་དང་བདེ་འཇགས་སྡེ་ཁག་གིས་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ས་ཁུལ་མང་བོར་བར་སྣང་འཇབ་རྒོལ་བྱས་ཟེར། ལེ་པཱ་ནུན་དམག་ཕྱོགས་ཀྱི་གསང་འཕྲིན་སྡེ་ཁག་གི་འབྲེལ་ཡོད་མི་སྣས་བཤད་རྒྱུར། ཐེངས་འདིའི་བར་སྣང་འཇབ་རྒོལ་དེ་ནི་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་རེ་འགར་དམིགས་པ་ཡིན་ལ། དབྱི་སི་རལ་གྱི་དམག་དཔུང་གིས་འཕུར་མདའ18ལྷག་གཏོང་འཕེན་བྱས་ནས་ནགས་ཚལ་མེ་སྐྱོན་འབྱུང་དུ་བཅུག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།