
ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཚེས27ཉིན་ཅིར་ཅི་སི་སི་ཐན་གྱི་རྒྱལ་ས་པུས་ཧྲི་ཁའེ་ཁི་ནས་བཤད་རྒྱུར། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་དེ་དབང་གྲགས་ཅན་གྱི་ས་ཁོངས་རྩ་འཛུགས་སུ་གྱུར་ཡོད་ཟེར།
ཕུའུ་ཅིན་གྱིས་ཉིན་དེར་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཐུན་མོང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྟེང་བཤད་རྒྱུར། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱིས་ཡོ་རོབ་གླིང་དང་ཨེ་ཤ་ཡཱ་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་ཟོལ་མེད་ཀྱིས་འགན་སྲུང་བྱས་པ་དང་། ཁོངས་གཏོགས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱས་ཡོད་ཟེར། ཁོས་བསྟན་དོན། ས་ཁུལ་གྱི་ཆབ་སྲིད་ཛ་དྲག་གི་གནས་བབ་ལ་གཞིགས་ནས། གོ་ལ་ཧྲིལ་བོས་ཁོངས་གཏོགས་རྒྱལ་ཁབ་དག་གི་ཐུན་མོང་ཁེ་ཕན་དང་གྲོས་གཞི་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ་དེ་ལས་འགན་གཙོ་བོར་གྱུར་ཡོད་ཟེར།
ཚོགས་ཐོག་ནས་ཁྱབ་བསྒྲགས་བྱས་དོན། ཨུ་རུ་སི་ཡིས་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི2026ལོའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་རྒྱུ་བྱས། ཕུའུ་ཅིན་གྱིས་བསྟན་དོན། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་རྒྱལ་ཁབ་བར་གྱི་མཉམ་ལས་འཕེལ་རྒྱས་སུ་གཏོང་བ་དང་། རྩ་འཛུགས་དེའི་དམག་དོན་ལག་རྩལ་ཁྱབ་ཁོངས་ཀྱི་གོ་གནས་གཙོ་བོར་འགན་སྲུང་བྱེད་པ་ནི་ཨུ་རུ་སི་ཡིས་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་ཀྱི་ལས་དོན་གཙོ་བོ་ཡིན། ཨུ་རུ་སི་ཡིས་མུ་མཐུད་དུ་མནའ་མཐུན་གྲོགས་པོ་དང་མཉམ་དུ་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་དམག་དོན་སྦས་ཤུགས་ལ་ཤུགས་སྣོན་པའི་ཐད་ནས་རོགས་ལས་བྱས་ཏེ། འབྲེལ་ཡོད་རྒྱལ་ཁབ་ཀྱི་དམག་དཔུང་གི་འཐབ་འཛིང་ནུས་པ་མཐོར་འདེགས་བྱེད་རྒྱུ་ཡིན་ཟེར།
གྲོས་ཚོགས་དེར་ཅིར་ཅི་སི་སི་ཐན་གྱི་སྲིད་འཛིན་ཀྲ་ཕཱ་ལོ་ཧྥུའུ་ཡིས་མགོ་འཛིན་བྱས། ཕུའུ་ཅིན་དང་ཧཱ་སག་སི་ཐན་གྱི་སྲིད་འཛིན་ཐའོ་ཁཱ་ཡེ་ཧྥུའུ། ཨུ་རུ་སི་དཀར་པོའི་སྲིད་འཛིན་ལུའུ་ཁཱ་ཧྲིན་ཁི། ཐཱ་ཅི་ཁི་སི་ཐན་གྱི་སྲིད་འཛིན་ལཱ་ཧི་མིན་སོགས་གྲོས་ཚོགས་ལ་ཞུགས།
ཀྲ་ཕཱ་ལོ་ཧྥུའུ་ཡིས་བསྟན་དོན། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱིས་བྱེ་བྲག་གི་བྱེད་ཐབས་སྤྱད་ནས་མིག་སྔའི་བདེ་འཇགས་འཇིགས་ཉེན་དང་འགྲན་རྩོད་ཐག་གཅོད་བྱས་ཡོད་པ་དང་། རྩ་འཛུགས་དེའི་རྒྱལ་སྤྱིའི་དབང་གྲགས་ལ་ཤུགས་སྣོན་པའི་ཐད་ནས་བྱ་བ་སྤེལ་ཡོད། རྩ་འཛུགས་དེའི་དམག་དོན་དཔལ་འབྱོར་དང་དམག་དོན་ལག་རྩལ་མཉམ་ལས་སོགས་ཀྱི་ཐད་ནས་ཟོལ་མེད་ཀྱིས་བྱེད་ཐབས་སྤྱད་དེ། ད་ལོར་དམག་དོན་སྦྱོང་བརྡར་ཆེན་མོ་རབ་དང་རིམ་པ་སྤེལ་ནས། ཁོངས་གཏོགས་རྒྱལ་ཁབ་ཀྱི་དམག་དཔུང་གི་འགུལ་སྐྱོད་མཐུན་སྦྱོར་རང་བཞིན་ལ་འགན་སྲུང་དང་གཏན་འཁེལ་བྱས་པའི་ལས་འགན་ལག་བསྟར་བྱེད་པའི་དམག་གྲབས་ནུས་པ་མཐོར་འདེགས་བྱེད་དགོས་ཟེར།
གྲོས་ཚོགས་ནས་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ལྷན་ཚོགས་ཀྱི་བསྒྲགས་གཏམ་སོགས་ཡིག་ཆ་མང་བོ་བཀོད་པར་མ་ཟད། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ད་ལྟའི་དྲུང་ཡི་ཆེན་མོ་གཞོན་པ། ཅིར་ཅི་སི་སི་ཐན་རྒྱལ་སྤྱིའི་འབྲེལ་བའི་ཆེད་མཁས་པ་མཱ་སཱ་ཏི་ཁི་ཧྥུའུ་ཡིས་སྐབས་གསར་བའི་དྲུང་ཡིག་ཆེན་མོའི་འགན་ཁུར་རྒྱུ་ཐག་བཅད།
བསོད་ནམས་ཚེ་རིང་གིས་བསྒྱུར།