
ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཚེས27ཉིན་ཅིར་ཅི་སི་སི་ཐན་གྱི་རྒྱལ་ས་པུས་ཧྲི་ཁའེ་ཁི་ཡིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་སྤྱི་ཕྱོགས་ནས་བལྟས་ན། ཨ་མེ་རི་ཁས་བཏོན་པའི་ཝུའུ་ཁི་ལན་གནད་དོན་གྱི་གསལ་ཁྲ་དེ་མ་འོངས་པའི་གྲོས་མཐུན་གྱི་རྨང་གཞིར་བྱས་ཆོག་པར་བསམ་ཡོད་ཟེར།
ཕུའུ་ཅིན་གྱིས་ཉིན་དེར་ཅིར་ཅི་སི་སི་ཐན་དུ་རྒྱལ་དོན་འཚམས་འདྲི་བྱས་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་གསལ་ཁྲ་ཞེས་པ་དེ་ཨ་མེ་རི་ཁ་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་མཇུལག་སྒྲིལ་བའི་ཐད་བཏོན་པའི་འཆར་གཞི་གསར་བ་ཉེར་བརྒྱད་ཡིན་ནམ། ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱིས་ཚེས23ཉིན་སུའེ་ཙེར་རི་ནེ་ཝ་ནས་གྲོས་མོལ་བྱས་རྗེས་ཀྱི་བཟོ་བཅོས་བྱས་པའི་པར་གཞི་དེ་ཡིན་མིན་གསལ་བཤད་བྱས་མེད།
ཕུའུ་ཅིན་གྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་རི་ནེ་ཝ་ཡི་གྲས་མོལ་སྤེལ་རྗེས། ཨ་མེ་རི་ཁས་ཞི་བདེའི་འཆར་གཞི་དེའི་ནང་དོན་ཉེར་བརྒྱད་པོ་དེ་ཁག་བཞི་རུ་བགོ་རྒྱུ་ཐག་བཅད་ཟེར། ཁོས་ཁ་གསབ་ཀྱི་ཚུལ་དུ་བཤད་རྒྱུར། ད་ལྟ་གྲོས་གཞི་དེ་ཕྱི་འབྲེལ་གྱི་སྐད་བརྡར་བསྒྱུར་ནས་བྱེ་བྲག་གི་གྲོས་གཞིར་ནན་ཏན་གྱིས་གྲོས་མོལ་བྱེད་དགོས་ཟེར།
ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་ཡིས་ཝུའུ་ཁི་ལན་བར་མངའ་ཁོངས་སོགས་གནད་དོན་ཐད་ནས་གྲོས་མཐུན་འགོད་འདོད་ཡོད་པ་དང་། ཞོར་དུ་ཨུ་རུ་སིའི་ཕྱོགས་ཀྱི་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཇུས་གཞིར་རྒྱལ་སྤྱིའི་ཁས་ལེན་ཐོབ་དགོས་ཟེར།
ཕུའུ་ཅིན་གྱིས་ད་རུང་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་གྲོས་མོལ་འཐུས་མི་མངག་ནས་ཨུ་རུ་སིར་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཚོད་དཔག་བྱས་ན་ཨ་མེ་རི་ཁ་ཕྱོགས་ཀྱི་གྲོས་མོལ་འཐུས་མི་གཟའ་འཁོར་རྗེས་མར་མའོ་སི་ཁོ་རུ་འབྱོར་སྲིད་ལ། ཨུ་རུ་སིའི་ཕྱོགས་ཀྱིས་ནན་ཏན་གྱིས་གྲོས་བསྡུར་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།