ཡོ་རོབ་གླིང་གི་རྒྱལ་ཁབ་བཞིས་དབྱི་སི་རལ་གྱིས་གཏན་སྡོད་མཁན་གྱིས་ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མར་དྲག་སྤྱོད་སྤེལ་བར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས27ཉིན་ཡོ་རོབ་གླིང་གི་རྒྱལ་ཁབ་བཞིའི་ཕྱི་འབྲེལ་བློན་ཆེན་གྱི་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་སྲིད་གཞུང་གིས་གཏན་སྡོད་མཁན་གྱིས་ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མར་དྲག་སྤྱོད་སྤེལ་བའི་བྱ་སྤྱོད་ལ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་གྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པ་ནན་བཤད་བྱས།

གསལ་སྒྲོག་དེ་ནི་ཧྥ་རན་སི་དང་འཇར་མན། དབྱི་ཐཱ་ལེ། དབྱིན་ཇི་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་མཉམ་དུ་སྤེལ་བ་ཡིན་ལ། དབྱི་སི་རལ་གྱི་གཏན་སྡོད་མཁན་གྱིས་ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མར་དམིགས་པའི་དྲག་ཤུགས་བྱ་སྤྱོད་ཉེ་སྔོན་ཇེ་མང་དུ་འགྲོ་བཞིན་ཡོད་པར་རྒོལ་གཏམ་དྲག་པོ་བཏང་། གསལ་སྒྲོག་ལས་བསྟན་དོན། གཏན་འཇགས་ལ་གཏོར་བརླག་བྱེད་པའི་བྱ་འགུལ་དེས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་འཐབ་འཁྲུག་རྗེས་ཀྱི་བསྐྱར་འཛུགས་སོགས་འབྲེལ་ཡོད་འཆར་གཞི་ལག་བསྟར་བྱེད་པར་བཀག་རྒྱ་བཟོས་ཡོད་པར་མ་ཟད། ས་ཁུལ་གྱི་ཡུན་རིང་ཞི་བདེ་དང་བདེ་འཇགས་མདུན་ལྗོངས་ལ་འཇིགས་ཉེན་ཐེབས་ཡོད་ཟེར།

གསལ་སྒྲོག་ལས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་ལས་དོན་མཐུན་སྦྱོར་ཐིན་གྱི་སྙན་ཞུ་ལས་མངོན་པ་ལྟར་ན། ཟླ་སྔོན་མར་བསྡོམས་པས་དབྱི་སི་རལ་གྱི་གཏན་སྡོད་མཁན་གྱི་འཇབ་རྒོལ་དོན་རྐྱེན264བྱུང་བ་དང་། 2006ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐོ་འགོད་བྱས་པའི་ཚུན་ལ་ཟླ་གཅིག་ནང་ཆེས་མང་བའི་ཟིན་ཐོ་བསྐྲུན་ཡོད་ཟེར། གསལ་སྒྲོག་ལས་བསྟན་དོན། འཇབ་རྒོལ་དེ་རིགས་ངེས་པར་དུ་མཚམས་འཇོག་དགོས་པ་དང་། གཏན་སྡོད་མཁན་གྱི་དྲག་སྤྱོད་ལས་ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མར་འཇིགས་དངངས་སྐྱེས་སུ་བཅུག་ཡོད་པར་མ་ཟད། དབྱི་སི་རལ་རང་ངོས་ཀྱི་བདེ་འཇགས་ལའང་ཕན་ཐོགས་མེད་ཟེར།

རྒྱལ་ཁབ་བཞིའི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་སི་རལ་སྲིད་གཞུང་གིས་རྒྱལ་སྤྱིའི་བཅའ་ཁྲིམས་ལས་བཙན་བཟུང་ཕྱོགས་དང་འབྲེལ་བའི་གཏན་འཁེལ་གྱི་འོས་འགན་ལག་བསྟར་བྱས་ཤིང་། འཇབ་རྒོལ་མཁན་གྱི་འགན་འཁྲི་རྩད་གཅོད་བྱས་ནས། རྩ་བའི་ཐོག་ནས་དྲག་ཤུགས་དོན་རྐྱེན་དེ་རིགས་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་།

གསལ་སྒྲོག་ལས་རྒྱལ་ཁབ་བཞི་ཡིས་རྣམ་པ་གང་རུང་གི་གཅིག་སྡུད་དང་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་གཏན་སྡོད་ཁུལ་གྱི་བྱ་འགུལ་གང་རུང་ལ་ངོ་རྒོལ་བྱེད་པ་བསྐྱར་སྒྲོག་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་སྟེང་དྲང་བདེན་དང་ཕྱོགས་ཡོངས་ནས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།