ཀུའེ་ནེ་ཡཱ་པུ་སོའི་མཐོ་རིམ་དམག་དཔོན་ཡུན་ཐཱ་ཨ་ཡིས་དམ་བཅའ་བཞག་སྟེ་བར་བརྒལ་སྲིད་འཛིན་གྱི་འགན་ཁུར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཀུའེ་ནེ་ཡཱ་པུ་སོའི་མཐོ་རིམ་དམག་དཔོན་ཡུན་ཐཱ་ཨ་ཡིས་ཚེས27ཉིན་དམ་བཅའ་བཞག་སྟེ་རྒྱལ་ཁབ་དེའི་བར་བརྒལ་སྲིད་འཛིན་གྱི་འགན་ཁུར་བ་དང་། འགན་ཡུན་ལོ་ངོ་གཅིག་རེད། ཀུའེ་ནེ་ཡཱ་པུ་སོའི་དམག་ཕྱོགས་ཀྱིས་དེའི་སྔོན་རྒྱལ་ཁབ་ཀྱི་དབང་ཆ་བདག་བཟུང་བྱས་པ་ཁྱབ་བསྒྲགས་བྱས།

ཡུན་ཐཱ་ཨ་ཡིས་ལས་འགན་ཁུར་བའི་མཛད་སྒོའི་སྟེང་བཤད་རྒྱུར། ཀུའེ་ནེ་ཡཱ་པུ་སོའི་དམག་ཕྱོགས་ཀྱིས་དབང་ཆ་བདག་བཟུང་བྱས་པ་ནི་རྒྱལ་ཁབ་ཁ་ཐོར་དུ་འགྲོ་བར་སྔོན་འགོག་བྱེད་ཆེད་ཡིན་ཟེར། ཁོས་ཕྱོགས་སོ་སོས་མཉམ་ལས་བྱས་ནས་བར་བརྒལ་བྱ་བ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། བར་བརྒལ་སྲིད་གཞུང་གིས་དུས་ཡུན་རིང་བོར་གནས་ཤིང་ཀུའེ་ནེ་ཡཱ་པུ་སོ་རྒྱལ་ཁབ་ཀྱི་གཏན་འཇགས་ལ་ཤུགས་རྐྱེན་ཐེབས་པའི་རུལ་སུངས་དང་དུག་རྫས་ལྐོག་འཚོང་གི་གནད་དོན་ལ་ཆམ་ཕབ་གཏོང་རྒྱུའི་ཚུལ་བསྟན།

ཡུན་ཐཱ་ཨ་ཡིས་དེའི་སྔོན་ཀུའེ་ནེ་ཡཱ་པུ་སོའི་སྐམ་དམག་གི་ཇུས་དཔོན་དཔོན་པོའི་འགན་ཁུར་བ་དང་། 2023ལོར་སྲིད་འཛིན་གྱི་ཆེད་བསྐོས་ཇུས་འདོན་དཔོན་པོར་བསྐོ་འཇོག་བྱས།

ཀུའེ་ནེ་ཡཱ་པུ་སོའི་དྲག་ཆས་དམག་དཔུང་གིས་ཚེས26ཉིན་རྒྱལ་ཁབ་བརྙན་འཕྲན་ཁང་ནས་གསལ་སྒྲོག་སྤེལ་ཏེ། དམག་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་དབང་ཆ་བདག་བཟུང་བྱས་ས་ནས། ཆབ་སྲིད་མི་སྣ་སྐོར་ཞིག་གིས་རྒྱལ་ཁབ་ཀྱི་གཏན་འཇགས་ལ་གཏོར་བརླག་གཏོང་བའི་གཡོ་ཇུས་བྱ་སྤྱོད་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།