
2025ལོའི་ནམ་ཟླའི་འགྱུར་ལྡོག་འོག་གི་ས་ཁོངས་ཀྱི་མཁའ་དབུགས་སྦགས་བཙོག་སྟེ་ཚན་རིག་དང་དོ་དམ་ཞེས་པ་བརྗོད་སྙིང་ཡིན་པའི་གླེང་སྟེགས་ཚེས27ཉིན་ནས་ཚེས28ཉིན་བར་མན་ཀུའུ་ནས་སྤེལ། ཀྲུང་གོའི་རླུང་ཁམས་ཆེན་མོའི་ཁྱབ་ཁོངས་ཀྱི་སྐྱེ་ཁམས་ཁོར་སྲུང་གྲུབ་འབྲས་དང་། ཀྲུང་གོ་དང་ཐེ་གོའི་འབྲེལ་ཡོད་ཀྱི་མཉམ་ལས་ལས་གཞིར་དོ་སྣང་བྱེད་བཞིན་ཡོད། ཚོགས་ཞུགས་ཆེད་མཁས་པས་བསྟན་དོན། ཀྲུང་གོས་མཁའ་དབུགས་སྦགས་བཙོག་བཅོས་སྐྱོང་ཐད་ཀྱི་མ་ལག་ལྡན་པའི་ཉམས་མྱོང་དང་ཚད་འཇལ་ལག་རྩལ་གྱིས་ཐེ་གོའི་མཁའ་དབུགས་སྤུས་ཚད་ཀྱི་དོ་དམ་ནུས་པ་མཐོར་འདེགས་བྱེད་པར་རོགས་འདེགས་བྱེད་བཞིན་ཡོད་ཟེར།
ཐེངས་འདིའི་གླེང་སྟེགས་ལ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་མཁའ་དབུགས་སྤུས་ཚད་ཀྱི་ཚན་རིག་དང་དོ་དམ་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོའི་ཁོར་ཡུག་ཚན་རིག་ཞིབ་འཇུག་གླིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་། ཐེ་གོ་དང་ཀྲུང་གོའི་ཚན་རྩལ་མཐུན་ཚོགས་སོགས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན་ལ། ཀྲུང་གོ་དང་ཐེ་གོ། དེ་མིན་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རྒྱལ་ཁབ་གཞན་པ་བཅས་ཀྱི་ཆེད་མཁས་པ་བརྒྱ་ཙམ་ཚོགས་འདུར་ཞུགས།
ཀྲུང་གོའི་ཁོར་ཡུག་ཚན་རིག་ཞིབ་འཇུག་ཁང་རླུང་ཁམས་ཆེན་མོའི་ཁང་གི་མགོ་བ་ཀའོ་ཅན་གྱིས་བསྟན་དོན། ཀྲུང་གོ་དང་ཐེ་གོའི་རླུང་ཁམས་ཆེན་མོའི་ཁྱབ་ཁོངས་ཀྱི་མཉམ་ལས་བར་སྟོང་རྒྱ་ཆེ། ང་ཚོས་ཀྲུང་གོའི་ལོ་མང་བོའི་རིང་ཆགས་པའི་མ་ལག་རང་བཞིན་ལྡན་པའི་མཁའ་དབུགས་སྦགས་བཙོག་བཅོས་སྐྱོང་ཐད་ཀྱི་ཉམས་མྱོང་དང་ལག་རྩལ་དག་ཐེ་གོ་ལ་འདོན་སྤྲོད་བྱས་ཏེ། ས་དེའི་དོན་དངོས་དང་ཟུང་འབྲེལ་བྱས་ཐོག་ལག་བསྟར་བྱས་ཆོག་པའི་ཐག་གཅོད་ཇུས་གཞི་འདོན་འདོད་ཡོད་ཟེར།
ཐེ་གོའི་ཞིང་ལས་སློབ་ཆེན་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེན་མོ་པའོ་ལེ་ཡིས་བསྟན་དོན། མན་ཀུའུ་ཡི་མཁའ་དབུགས་སྦགས་བཙོག་བཅོས་སྐྱོང་བྱེད་པར་ཚན་རིག་གི་ཚད་འཇལ་མ་ལག་དང་སྲིད་ཇུས་ཀྱི་འདེགས་སྐྱོར་ཡོ་བྱད་མཁོ་བ་དང་། ཀྲུང་གོའི་ཚད་འཇལ་དང་དབྱེ་ཞིབ། གཞི་གྲངས་ལེགས་སྒྲིག དེ་མིན་སྡེ་ཁག་མང་བོའི་རོགས་ལས་བྱས་ནས་གཏན་འབེབས་བྱས་པའི་སྲིད་ཇུས་སོགས་ཐད་ཀྱི་ཉམས་མྱོང་ཚང་མར་ཐེ་གོ་ཕྱོགས་ཀྱིས་དཔེ་ལྟ་བྱེད་པའི་རིན་ཐང་ལྡན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།