
ཨུ་རུ་སིའི་ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས28ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཧང་ག་རིའི་ཙུང་ལི་ཨིག་ཨར་པན་དང་གྲོས་མོལ་བྱེད་སྐབས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཧང་ག་རིའི་ཝུའུ་ཁི་ལན་གནད་དོན་ཐད་ཀྱི་ལངས་ཕྱོགས་དེར་གཟེངས་བསྟོད་བྱེད་བཞིན་ཡོད་པ་དང་། ཧང་ག་རིའི་ཕྱོགས་དང་མཉམ་དུ་གནད་དོན་ཚང་མར་གྲོས་བསྡུར་བྱས་ནས་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་འདོད་ཡོད་ཟེར།
ཨིག་ཨར་པན་གྱིས་བསྟན་དོན། ཧང་ག་རི་ཡིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ལས་བྱུང་བའི་ཤུགས་རྐྱེན་ཉམས་སུ་མྱོང་བཞིན་ཡོད་ལ། དཔལ་འབྱོར་ཐད་གྱོང་གུད་ཆེན་པོ་བྱུང་ཡོད། ཧང་ག་རི་ཡིས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པའི་གྲོས་མོལ་ཐད་སྟེགས་བུ་འདོན་སྤྲོད་བྱེད་འདོད་ཡོད་ཟེར།
ཕུའུ་ཅིན་གྱིས་བསྟན་དོན། གལ་ཏེ་མ་འོངས་པར་ཨུ་རུ་སི་དང་ཨ་མེ་རི་ཁའི་མགོ་གཙོས་ཧང་ག་རིའི་པུའུ་ཏཱ་ཕའེ་སི་ནས་གྲོས་མོལ་བྱེད་ཐུབ་ན། ཨུ་རུ་སིའི་ཕྱོགས་དེར་དགའ་སྤྲོ་ཆེན་པོ་སྐྱེས་སྲིད་ཟེར།
ཕྱོགས་གཉིས་ཀྱིས་ད་རུང་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཐད་ནས་གྲོས་བསྡུར་བྱས། ཕུའུ་ཅིན་གྱིས་བསྟན་དོན། ན་ནིང་ཨུ་རུ་སི་དང་ཧང་ག་རི་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་ལ་ཕྱི་ཕྱོགས་ཤུགས་རྐྱེན་ཐེབས་ནས་བརྒྱ་ཆའི་ཉེར་གསུམ་ཇེ་དམའ་རུ་སོང་ཡོད་ཀྱང་། ད་ལོའི་ཚུན་ལ་བརྒྱ་ཆའི་བདུན་ཅུ་སླར་གསོ་བྱུང་ནས་འཕར་སྣོན་བྱུང་ཡོད་ཟེར། ཨིག་ཨར་པན་གྱིས་བསྟན་དོན། ཧང་ག་རིའི་ནུས་ཁུངས་བདེ་འཇགས་ཀྱི་རྨང་གཞི་ནི་ཨུ་རུ་སིའི་ཕྱོགས་ཀྱིས་སྔོན་ཆད་དང་ད་ལྟ། མ་འོངས་པར་བསྟུད་མར་གཏན་འཇགས་ཀྱི་ནུས་ཁུངས་མཁོ་འདོན་ལ་རག་ལས་ཡོད། ཧང་ག་རིའི་ཕྱོགས་ཀྱིས་ཨུ་རུ་སིའི་ནུས་ཁུངས་མཁོ་འདོན་གྱི་གཏན་འཇགས་རང་བཞིན་དང་སྔོན་དཔག་རང་བཞིན་ལ་མཐོང་ཆེན་བྱས་ཏེ། ཨུ་རུ་སིའི་བར་གྱི་ནུས་ཁུངས་ཁྱབ་ཁོངས་ཀྱི་གྲོས་མོལ་སྲུང་འཛིན་བྱེད་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།