ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་མཐོ་རིམ་བཀོད་འདོམ་དཔོན་པོར་འཇབ་རྒོལ་ཐེབས་པའི་ཐད་ནས་དབྱི་སི་རལ་ལ་འཁོན་ལན་སློག་རྒྱུའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་མགོ་ཁྲིད་པ་ཁཱ་ཞི་མུའུ་ཡིས་ཚེས28ཉིན་བསྟན་དོན། ཀྲིན་ཀྲུའུ་ཏང་གིས་མཐོ་རིམ་བཀོད་འདོམ་དཔོན་པོ་ཐཱ་པཱ་ཐཱ་པེད་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཐད་ནས་འཁོན་ལན་སློག་པའི་འགུལ་སྐྱོད་སྤེལ་རྒྱུ་ཡིན་པ་དང་། བྱེ་བྲག་གི་དུས་ཚོད་ཀྲིན་ཀྲུའུ་ཏང་གིས་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

ཁཱ་ཞི་མུའུ་ཡིས་ཐཱ་པཱ་ཐཱ་པེད་སོགས་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཀྲིན་ཀྲུའུ་ཏང་གི་ཁོངས་མིར་མྱ་ངན་ཞུ་བའི་མཛད་སྒོའི་སྟེང་བཤད་རྒྱུར། ལྐོག་གསོད་བྱ་སྤྱོད་དེ་མངོན་སུམ་འཛེམ་མེད་ཀྱི་བཙན་འཛུལ་ནག་ཉེས་ཤིག་ཡིན་ཀྱང་། ཀྲིན་ཀྲུའུ་ཏང་གི་བློ་སྤོབས་ཉམས་མི་སྲིད་ཟེར།

ཁོས་ད་རུང་བསྟན་དོན། བར་སྣང་འཇབ་རྒོལ་དེར་ནང་ཁུལ་གྱི་མི་ལ་ལས་གཞོགས་འདེགས་བྱས་ཡོད་ཀྱང་སྲིད། གལ་ཏེ་རིགས་དེ་མཚུངས་ཀྱི་འཇབ་རྒོལ་མུ་མཐུད་དུ་སྤེལ་ན། ལེ་པཱ་ནུན་སྲིད་གཞུང་གིས་ཁ་གཏད་འཇལ་བའི་འཆར་གཞི་འཐུས་ཚང་ཞིག་གཏན་འབེབས་བྱས་ཏེ། ལེ་པཱ་ནུན་སྲིད་གཞུང་དམག་དཔུང་ལྷོ་ཕྱོགས་ས་ཁུལ་དུ་བཀོད་སྒྲིག་བྱེད་པར་ཡང་བསྐྱར་དཔྱད་འཇོག་བྱེད་དགོས་ཟེར།

ཁཱ་ཞི་མུའུ་ཡིས་བལྟས་ན། ཨ་མེ་རི་ཁས་དབྱི་སི་རལ་ལ་རམ་འདེགས་བྱས་ཏེ་ལེ་པཱ་ནུན་ལ་གནོན་ཤུགས་སྟེར་བཞིན་ཡོད་པར་འདོད། ཁོས་ལེ་པཱ་ནུན་གྱི་ཆབ་སྲིད་ཕྱོགས་ཁག་སོ་སོས་དབྱི་སི་རལ་དང་ཨ་མེ་རི་ཁའི་ཁེ་ཕན་ལ་ཞབས་འདེགས་ཞུ་བའི་མིར་འགོག་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ལེ་པཱ་ནུན་གྱི་དབང་ཤུགས་ལས་ཁུངས་གང་ཡིན་ཡང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བ་བསྐྱུར་བའི་དབང་ཆ་མེད་པ་ནན་བཤད་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།