
ཕཱ་ཁི་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཚེས28ཉིན་བསྟན་དོན། ཕཱ་ཁི་སི་ཐན་དང་ཨ་ཧྥུའུ་ཧན་གྱིས་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེས་ཨ་ཧྥུའུ་ཧན་ཕྱོགས་ཀྱི་འོས་འགན་ལྟར་རྒྱལ་ཁོངས་བརྒལ་བའི་འཇིགས་སྐུལ་འཇབ་རྒོལ་ལ་བཀག་འགོག་བྱེད་པའི་རྩ་དོན་བརྩི་སྲུང་ནན་མོ་བྱེད་དགོས་པ་ལས། རྒྱུན་སྲོལ་ལྟར་དུ་རྒྱལ་ཁབ་གཉིས་བར་གྱི་འཁྲུག་རྩོད་མཚམས་འཇོག་པ་ཙམ་གྱིས་མི་རུང་ཟེར།
ཕཱ་ཁི་སི་ཐན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཨན་ཏི་ལཱ་པུས་ཀྱིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། འཁྲུག་རྩོད་མཚམས་བཞག་རྗེས་ཕཱ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལན་པའོ་ནས་འཇིགས་སྐུལ་འཇབ་རྒོལ་ཆེན་མོ་བྱུང་། དེའི་ཐད་ནས་བཤད་ན་འཁྲུག་རྩོད་མཚམས་བཞག་པར་ནུས་པ་ཐོན་མེད་པས། འཁྲུག་རྩོད་མཚམས་འཇོག་པའི་དམིགས་ཡུལ་ནི་ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་དང་ཨ་ཧྥུའུ་ཧན་གྱི་སྤྱི་དམངས་ཀྱིས་ཨ་ཧྥུའུ་ཧན་གྱི་མངའ་ཁོངས་རྟེན་གཞིར་བྱས་ནས་ཕཱ་ཁི་སི་ཐན་གྱི་མངའ་ཁོངས་ནས་འཇིགས་སྐུལ་འཇབ་རྒོལ་སྤེལ་བར་བཀག་འགོག་བྱེད་ཆེད་ཡིན་ཟེར།
ཁོས་བཤད་རྒྱུར། གལ་ཏེ་ཨ་ཧྥུའུ་ཧན་གྱི་སྤྱི་དམངས་ཀྱིས་དབྱི་སི་ལན་པའོ་དང་ས་ཁུལ་གཞན་པར་མུ་མཐུད་དུ་འཇབ་རྒོལ་བྱས་ན། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པར་རེ་བ་ཆེན་པོ་བྱེད་མི་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།