ཀྲུང་གོ་དང་ཐེ་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ50འགོར་བར་རྗེས་དྲན་བྱེད་པའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་མན་ཀུའུ་ནས་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

ཀྲུང་གོ་དང་ཐེ་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ50འགོར་བར་རྗེས་དྲན་བྱེད་པའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཚེས28ཉིན་ཐེ་གོའི་མན་ཀུའུ་ནས་སྤེལ། ཀྲུང་གོ་དང་ཐེ་གོ་རྒྱལ་ཁབ་གཉིས་ཀྱི་ཆེད་མཁས་པས་ཀྲུང་གོ་དང་ཐེ་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ50འགོར་བའི་གྲུབ་འབྲས་དང་ཉམས་མྱོང་ཐད་ནས་གཏིང་ཟབ་ཏུ་གྲོས་བསྡུར་བྱས་ཏེ། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པ་དང་། སྔར་ལས་གཏན་འཇགས་དང་སྔར་ལས་དར་རྒྱས། སྔར་ལས་རྒྱུན་མཐུད་བཅས་ཀྱི་ཀྲུང་གོ་དང་ཐེ་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་སྟེ། གསེར་ལྡན་གྱི་ལོ་ངོ50རྗེས་མར་གོམ་ཁ་བསྒྱུར་བའི་ཐད་བློ་འདོན་ཇུས་འབུལ་བྱས།

ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་ཡོན་ཀྲང་ཀའོ་ཞང་གིས་ཞུ་ཚིག་ཕུལ་ནས་བསྟན་དོན། ཀྲུང་གོ་དང་ཐེ་གོའི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་ཁྲོད་དུ་བདེ་བླག་དང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་སྲུང་འཛིན་བྱས་ཡོད་པར་མ་ཟད། དུས་རབས་ཀྱི་ནང་དོན་གསར་བ་ཁ་སྣོན་བྱས་ཡོད། རྒྱལ་ཁབ་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པ་དང་མི་དམངས་ཀྱི་ཕན་བདེ་ཇེ་དྲག་ཏུ་གཏོང་བའི་ཐབས་ལམ་སྟེང་། ཀྲུང་གོ་དང་ཐེ་གོའི་འགན་འཁྲི་གཅིག་མཐུན་དང་དམིགས་འབེན་འདྲ་མཚུངས་ཡིན། ཕྱོགས་གཉིས་ཀྱིས་ལག་རྡང་སྦྲེལ་ནས་མཉམ་སྐྱོད་དང་། འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བྱེད་པ། རྒྱལ་ཁབ་གཉིས་ཀྱི་རིག་གནས་མཉམ་འདྲེས་དང་མི་གཞུང་བརྗེ་རེས། ཁྱད་པར་དུ་དབུལ་སེལ་ལ་ཤུགས་སྣོན་པའི་ཉམས་མྱོང་བརྗེ་རེས་ལ་མཉམ་དུ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕྱོགས་གཉིས་ཀྱི་མཉམ་ལས་ཁྲོད་ནས་ངེས་པ་དོན་གྱི་ཁེ་ཕན་ཐོབ་ཏུ་འཇུག་དགོས་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།

ཐེ་གོའི་མཐོ་རིམ་སློབ་གསོ་དང་ཚན་ཞིབ་གསར་གཏོད་པུའུ་ཡི་པུའུ་ཀྲང་སུའུ་ལཱ་ཧྲ་ཡིས་བསྟན་དོན། དུས་རབས་ཕྱེད་ཀའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་ལྷག་བསམ་རྣམ་དག་གིས་ཕན་ཚུན་རོགས་རེས་བྱས་ཏེ། ཕན་ཚུན་ཡིད་ཆེས་བྱེད་པའི་མཛའ་མཐུན་འབྲེལ་བ་ཟབ་མོ་ཆགས་ཡོད། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་ཁྱབ་ཁོངས་གསར་འབྱེད་བྱེད་པ་དང་། སྔར་ལས་དམ་ཟབ་ཀྱིས་རིག་གཞུང་བརྗེ་རེས་དང་གསར་གཏོད་དྲ་རྒྱ་བཙུགས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སྔར་ལས་མཛེས་སྡུག་གི་མ་འོངས་པ་མཉམ་བསྐྲུན་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

ཐེ་གོ་རྒྱལ་ཁབ་ཞིབ་འཇུག་ལས་འཛིན་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཝེ་ཕཱ་ལཱ་ཡིས་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་ནི་ཐེ་གོ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ50འགོར་བའི་རྗེས་དྲན་ཡིན་པར་མ་ཟད། ཐེ་གོ་དང་ཀྲུང་གོའི་རིག་གཞུང་བརྗེ་རེས་ཀྱི་མ་འོངས་མདུན་ལྗོངས་ལ་རྒྱང་བལྟ་བྱས་ཏེ། མཉམ་འབྲེལ་ཚན་ཞིབ་དང་ཚན་རྩལ། གསར་གཏོད་མཉམ་ལས་བཅས་སྒུལ་ཤུགས་སུ་བྱས་ནས། ཐེ་གོ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་འཛུགས་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་པའི་གོ་སྐབས་གལ་ཆེན་ཞིག་ཀྱང་ཡིན་ཟེར།

ཐེངས་འདིའི་བགྲོ་གླེང་ཚོགས་འདུར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་དང་གོ་ལ་ཧྲིལ་བོའི་འཐབ་ཇུས་ཞིབ་འཇུག་གླིང་དང་། ཐེ་གོའི་རྒྱལ་ཁབ་ཞིབ་འཇུག་ལས་འཛིན་ལྷན་ཚོགས་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན་ལ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་དང་ཐེ་གོའི་རྒྱལ་ཁབ་ཞིབ་འཇུག་ལས་འཛིན་ལྷན་ཚོགས་ཀྱི་ཀྲུང་གོའི་ཞིབ་འཇུག་ལྟེ་གནས་ཀྱི་སྒྲུབ་འགན་ཁུར་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།