
ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་བློན་ཆེན་ཞི་ཨར་གྱིས་ཚེས29ཉིན་དྲ་ཚིགས་བརྒྱུད་དེ་སྤྱི་སྒྲོག་སྤེལ་ནས། ཨ་མེ་རི་ཁའི་སྲིད་གཞུང་གིས་རང་གི་མཁའ་ཁོངས་བདག་དབང་ལ་འཇིགས་ཉེན་བཟོ་བའི་བྱ་སྤྱོད་དེར་རྒོལ་གཏམ་དྲག་པོ་བཏང་བ་དང་། བྱ་སྤྱོད་དེ་ནི་མི་སེར་སྤེལ་བའི་རིང་ལུགས་ཀྱི་འཇིགས་ཉེན་དང་ཁྲིམས་འགལ་བཙན་འཛུལ་ཡིན་པར་མ་ཟད། ཨ་མེ་རི་ཁ་ཕྱོགས་ཀྱི་འགུལ་སྐྱོད་སྤེལ་རྒྱུ་ཁྱབ་བསྒྲགས་བྱས་པ་ལས་ཝེ་ནེ་ཙུའེ་ལཱའི་གནས་སྤོར་སྡོད་དམངས་ཕྱིར་སྐྱེལ་བའི་གནམ་གྲུ་གཏོང་མཚམས་མི་འཇོག་ཐབས་མེད་བྱུང་ཡོད་ཟེར།
སྤྱི་སྒྲོག་ལས་བསྟན་དོན། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཉིན་དེར་དྲ་ཚིགས་སུ་གནས་ཚུལ་སྤེལ་ཏེ། ཝེ་ནེ་ཙུའེ་ལཱ་ཁྲིམས་འགལ་ཚོད་འཛིན་བྱེད་རྩིས་བྱས་པ་དང་། ཝེ་ནེ་ཙུའེ་ལཱའི་མཁའ་ཁོངས་སུ་བཀའ་རྒྱ་བཏང་ཡོད། ཝེ་ནེ་ཙུའེ་ལཱ་སྲིད་གཞུང་གིས་དོན་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཅིང་། བྱ་སྤྱོད་དེས་ཝེ་ནེ་ཙུའེ་ལཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བ། མཁའ་འགྲུལ་བདེ་འཇགས་བཅས་ལ་གནོད་པ་ཚབས་ཆེན་བཟོས་ཡོད་ལ། ཕྱོགས་གཅིག་གི་དགྲར་འཛིན་བྱ་སྤྱོད་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་རྩ་དོན་ལ་འགལ་ཡོད་ཟེར།
སྤྱི་སྒྲོག་ལས་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱལ་ཁབ་སོ་སོའི་སྲིད་གཞུང་། མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་བྱ་སྤྱོད་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཝེ་ནེ་ཙུའེ་ལཱ་ཡིས་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ནས་དགོས་ངེས་ཀྱི་བྱེད་ཐབས་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་ཞི་བདེ་ལ་སྲུང་སྐྱོབ་བྱེད་དགོས་པ་བསྐྱར་སྒྲོག་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།