ཀུའེ་ནེ་ཡཱ་པུ་སོའི་བར་བརྒལ་སྲིད་འཛིན་གྱིས་ནེ་ཀིའི་ཁོངས་མི་གསར་བ་བསྐོ་འཇོག་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཀུའེ་ནེ་ཡཱ་པུ་སོའི་བར་བརྒལ་སྲིད་འཛིན་ཡུན་ཐཱ་ཨ་ཡིས་ཚེས29ཉིན་རྒྱལ་ས་པུ་སོ་ནས་སྲིད་འཛིན་བཀའ་རྒྱ་བཀོད་དེ། སྐབས་གསར་བའི་ནེ་ཀིའི་ཁོངས་མི་བསྐོ་འཇོག་བྱས།

ཀུའེ་ནེ་ཡཱ་པུ་སོའི་སྲིད་འཛིན་བཞུགས་ཤག་གི་གསར་འགྱུར་དང་སྤྱི་བའི་འབྲེལ་བའི་གཞུང་སྒྲུབ་ཁང་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། སྲིད་གཞུང་གསར་བ་དེ་སྡེ་ཁག23དང་རྒྱལ་སྲིད་དྲུང་ཡིག་ཁྲུའུ་ལྔ་ཡིས་གྲུབ་ཡོད་ལ། ནེ་ཀིའི་ཁོངས་མི28ཡོད་པ་དང་། ནེ་ཀིའི་ཁོངས་མི་གཙོ་བོར་ཀུའེ་ནེ་ཡཱ་དང་ཧྥོ་ཏི་ཅོ་ཨ་ཧྥེ་རི་ཁ་གླིང་སྒེར་ཚུགས་ཏང་གི་མགོ་ཁྲིད་པ་ཝེ་ཨེ་ལཱ་ཡིས་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས། ཕྱི་སྡོད་རང་མིའི་པུའུ་ཀྲང་གི་འགན་ཁུར་བ་དང་། ཨིན་པཱ་ལོ་ཡིས་ནང་སྲིད་དང་སྤྱི་བའི་སྒྲིག་ལམ་གྱི་པུའུ་ཀྲང་གི་འགན་ཁུར་ཡོད། ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས། ཕྱི་སྡོད་རང་མིའི་པུའུ་ཡི་སྔོན་ཆད་ཀྱི་པུའུ་ཀྲང་ཕའེ་ལོས་ལཱ་ཡིས་ཁྲིམས་འཛིན་དང་འགྲོ་མིའི་ཐབ་ཐང་གི་པུའུ་ཀྲང་གི་འགན་ཁུར་ཡོད།

རྒྱུས་ལོན་པ་ལྟར་ན། སྲིད་གཞུང་གསར་བའི་ནེ་ཀིའི་ཁོངས་མི་ཚང་མ་སྔོན་ཆད་ཀྱི་སྲིད་འཛིན་ཨིན་པཱ་ལོ་ཡི་འགྲན་རྩོད་འཐབ་ཕྱོགས་ལ་འབྲེལ་བ་ཡོད་པ་དང་། མི་བཞི་ཡིས་སྐབས་སྔོན་མའི་སྲིད་གཞུང་ཁྲོད་ལས་འགན་ཁུར་མྱོང་བ་རེད།

དེའི་སྔོན་ཡུན་ཐཱ་ཨ་ཡིས་ཅཱ་ཞི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་དུ་བསྐོ་འཇོག་བྱས་པ་དང་། དབྱེ་ལེ་ཏིས་ཨོ་ཝེ་ཨེ་ལཱ་ཐི་ཙུང་ལི་དང་ནོར་སྲིད་པུའུ་ཀྲང་དུ་བསྐོ་འཇོག་བྱེད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།