ཨུ་རུ་སིའི་གཞི་རྒྱ་ཆེ་བའི་སྒོ་ནས་ཝུའུ་ཁི་ལན་གྱི་ནུས་ཁུངས་རྨང་གཞིའི་སྒྲིག་ཆས་ལས་འཇབ་རྒོལ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས29ཉིན་རྒྱུན་སྲོལ་གྱི་སྤྱི་བསྒྲགས་ནས་བཤད་རྒྱུར། ཨུ་རུ་སིའི་དྲག་ཆས་དམག་དཔུང་གིས་ཚེས28ཉིན་གྱི་དགོང་མོར་གནད་འཁེལ་མཚོན་ཆ་དང་མི་མེད་གནམ་གྲུ་བཀོལ་ནས་ཝུའུ་ཁི་ལན་གྱི་དམག་དོན་བཟོ་ལས་ཁེ་ལས་དང་དེའི་ཆ་ཚང་བའི་ནུས་ཁུངས་སྒྲིག་ཆས་ལ་གཞི་རྒྱ་ཆེ་བའི་སྒོ་ནས་ཆམ་ཕབ་བཏང་ཡོད་ཟེར།

སྤྱི་བསྒྲགས་ལས་བཤད་རྒྱུར། ཐེངས་འདིའི་ཆམ་ཕབ་ནི་ཝུའུ་ཁི་ལན་གྱིས་ཨུ་རུ་སིའི་མངའ་ཁོངས་ཀྱི་དམངས་བཀོལ་སྒྲིག་ཆས་ལ་འཇབ་རྒོལ་བྱས་པར་རྒོལ་ལན་སྤྲོད་ཆེད་ཡིན། དེ་ལས་གཞན་ཨུ་རུ་སིའི་དམག་དཔུང་གིས་ས་ཁུལ་མང་བོ་ནས་ཝུའུ་ཁི་ལན་གྱི་དམག་དཔུང་ཕམ་ཉེས་སུ་བཏང་བར་མ་སྲད་མུ་མཐུད་དུ་འཐབ་ར་སྲ་བརྟན་དུ་བཏང་ཡོད་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཉིན་དེའི་སྔ་དྲོར་སྤྱི་བསྒྲགས་སྤེལ་ཏེ། ཚེས28ཉིན་གྱི་དགོང་མོར། ཨུ་རུ་སིའི་མཁའ་སྲུང་མ་ལག་གིས་ཨུ་རུ་སིའི་མངའ་ཁོངས་ཀྱི་པེ་ཨར་ཀི་ལོ་ཏི་མངའ་སྡེ་དང་ལོ་སི་ཐའོ་ཧྥུའུ་མངའ་སྡེ། ལིང་ཙན་མངའ་སྡེ་སོགས་ནས་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུ103སར་ཕངས་ཡོད་ཟེར།

ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཚེས29ཉིན་གྱི་ཞོགས་པར། ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་འཕུར་མདའ36དང་མི་མེད་གནམ་གྲུ600ལྷག་གཏོང་འཕེན་བྱས་པ་དང་། འཇབ་རྒོལ་དམིགས་འབེན་གཙོ་བོ་ནི་ཝུའུ་ཁི་ལན་གྱི་ནུས་ཁུངས་རྨང་གཞིའི་སྒྲིག་ཆས་ཡིན། ཚེས29ཉིན་གྱི་སྔ་དྲོའི་བར། འཇབ་རྒོལ་དེ་ལས་མི3རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་ཕྲག་ལྷག་ལ་རྨས་ཕོག་ཡོད་ཟེར།

ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། དམངས་བཀོལ་སྒྲིག་ཆས་དང་སྡོད་དམངས་ཐོག་ཁང་མང་བོར་འཇབ་རྒོལ་ཐེབས་པ་དང་། ཝུའུ་ཁི་ལན་རྒྱལ་ཁབ་བྲེལ་མྱུར་གནས་ཚུལ་ཅུའུ་ཡི་རྒུད་སྐྱོབ་མི་སྣས་ཡུལ་དངོས་སུ་རྒུད་སྐྱོབ་བཻཡད་བཞིན་ཡོད་ཟེར།

ཙེ་ལིན་སི་ཅི་ཡིས་ད་རུང་བཤད་རྒྱུར། གལ་ཏེ་ཨུ་རུ་སི་ཡིས་མི་མེད་གནམ་གྲུ་དང་འཕུར་མདའི་འཇབ་རྒོལ་མཚམས་འཇོག་འདོད་མེད་ན། ཡོ་རོབ་གླིང་གིས་ཨུ་རུ་སིའི་རྒྱུ་ནོར་བཀག་འཇོག་བྱེད་པའི་ཐད་ནས་ཆོད་དོན་སྤེལ་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།