དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལས་མི་ཁྲི7ལྷག་རྐྱེན་ལམ་དུ་ཤོར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས29ཉིན་གསལ་སྒྲོག་སྤེལ་ཏེ། 2023ལོའི་ཟླ10བར་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལས་མི་ཁྲི7ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་འབུམ་གཅིག་དང་ཁྲི་བདུན་ལྷག་ལ་རྨས་ཕོག་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་དུས་རིམ་དང་པོའི་གྲོས་མཐུན་དེ་ཟླ10བར་ནུས་ལྡན་དུ་གྱུར་བའི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གི་འཇབ་རྒོལ་ལས་མི354རྐྱེན་ལམ་དུ་ཤོར་བ་དང་། མི906ལ་རྨས་ཕོག་ཟེར།

ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སིའི་ནཱ་སེ་ཨར་སྨན་ཁང་གིས་ཚེས29ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཧན་ཡུག་ནེ་སི་ལ་བར་སྣང་འཇབ་རྒོལ་བྱས་ནས། ཕཱ་ལེ་སི་ཐན་གྱི་བྱིས་པ2རྐྱེན་ལམ་དུ་ཤོར་ཟེར།

དེ་ལས་གཞན་ཅཱ་ཧྲ་ས་ཁུལ་གྱི་བདེ་འཇགས་སྡེ་ཁག་གིས་འབྲེལ་ཡོད་མི་སྣས་ཚེས29ཉིན་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ས་ཁུལ་མང་བོར་འཇབ་རྒོལ་བྱས་ཚད་ཚེས28ཉིན་གྱི་དགོང་མོ་ནས་བཟུང་ཇེ་དྲག་ཏུ་སོང་ཡོད་ལ། ཅཱ་ཧྲ་མཁར་གྱི་སྡེ་ཁག་མང་བོར་འགས་གཏོར་ཐེབས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།