
ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པས་ཟླ11པའི་ཚེས30ཉིན་ཨ་མེ་རི་ཁའི་ཧྥོ་ལོ་ལི་ཏཱ་མངའ་སྡེ་ནས་ཨ་མེ་རི་ཁས་བཏོན་པའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཞི་བདེའི་འཆར་གཞིའི་ཐད་ནས་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ་མགོ་བརྩམས།
གྲོས་མོལ་དེ་མེད་ཅཱ་མུས་གྲོང་ཁྱེར་ཉེ་འདབས་ནས་སྤེལ། ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པའི་ཁོངས་མིར་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་དང་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ། དེ་མིན་སྲིད་འཛིན་ཐི་ལིང་ཕུའུ་ཡི་མག་པ་ཁུའུ་ཧྲི་ནཱ་བཅས་ཡོད། ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ནི་ཝུའུ་ཁི་ལན་གྱི་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཝུའུ་མཱེ་ལོ་ཧྥུའུ་རེད།
གྲོས་མོལ་མ་བྱས་གོང་། ལུའུ་པུས་ཨོ་ཡིས་གཏམ་བཤད་ཐུང་ངུ་སྤེལ་ཏེ། གྲོས་མོལ་གྱི་མཇུག་མཐའི་དམིགས་འབེན་ནི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཚམས་འཇོག་པ་ཙམ་མ་ཡིན་པར། ཆེས་གལ་ཆེ་བ་ནི་འཁྲུག་རྩོད་མཇུག་སྒྲིལ་རྗེས་ཝུའུ་ཁི་ལན་གྱིས་བདག་དབང་དང་རང་བཙན་སྲུང་འཛིན་བྱེད་པ་དང་། ངེས་པ་དོན་གྱི་དར་རྒྱས་མངོན་འགྱུར་བྱེད་པའི་གོ་སྐབས་ཐོབ་པར་འགན་སྲུང་བྱེད་རྒྱུ་དེ་ཡིན་ཟེར།
ཝུའུ་མཱེ་ལོ་ཧྥུའུ་ཡིས་བསྟན་དོན། གྲོས་མོལ་ནས་ཝུའུ་ཁི་ལན་གྱི་བདེ་འཇགས་དང་ཡང་བསྐྱར་བཙན་འཛུལ་ཐེབས་པར་དོགས་ཟོན་བྱེད་པ། ཝུའུ་ཁི་ལན་གྱི་དར་རྒྱས། ཇི་ལྟར་ཝུའུ་ཁི་ལན་བསྐྱར་འཛུགས་བྱེད་པ་སོགས་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།
ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཟླ11པའི་ཚེས30ཉིན་དྲ་ཚིགས་བརྒྱུད་དེ་བསྟན་དོན། ཁོས་ཉིན་དེར་སོ་སོར་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལོའུ་ཐི་དང་། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གཉིས་ལ་ཁ་པར་གྲོས་མོལ་བྱས་ཟེར། ཙེ་ལིན་སི་ཅི་ཡིས་བསྟན་དོན། མ་འོངས་པའི་ཉིན་འགའ་གལ་འགངས་ཧ་ཅང་ཆེ་བ་དང་། གནད་དོན་མང་བོ་ཞིག་བཅོས་བསྒྱུར་བྱས་ཆོག་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།