ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཝུའུ་ཁི་ལན་གྱིས་མཚོ་ནག་ནས་འཇིགས་སྐུལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིནཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཟླ11པའི་ཚེས30ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱིས་ཉེ་སྔོན་མཚོ་ནག་ནས་སྣུམ་འདྲུད་གྲུ་གཟིངས་ལ་འཇབ་རྒོལ་བྱས་པ་ནི་འཇིགས་སྐུལ་འཇབ་རྒོལ་ཡིན་པ་དང་། དེའི་འཆར་འགོད་དང་ལག་བསྟར་བྱེད་མཁན་ལ་རྒོལ་གཏམ་དྲག་པོ་བཏང་ཡོད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། ཀྲ་ཧཱ་ལོ་ཝ་ཡིས་བཤད་རྒྱུར། ཀང་པུས་ཡཱའི་རྒྱལ་དར་བཀལ་བ་དང་ཨུ་རུ་སིའི་ལོ་ཞི་སི་ཁི་གསར་བའི་གྲུ་ཁར་བགྲོད་པའི་སྣུམ་འདྲུད་གྲུ་གཟིངས་གཉིས་ལ་ཚེས28ཉིན་དང་ཚེས29ཉིན་མི་མེད་གྲུ་གཟིངས་ཀྱི་འཇབ་རྒོལ་ཐེབས། ལོ་ཞི་སི་ཁི་གསར་བའི་གྲུ་ཁར་ཡང་ཚེས29ཉིན་མི་མེད་གྲུ་གཟིངས་ཀྱི་འཇབ་རྒོལ་ཐེབས་ཡོད། ཝུའུ་ཁི་ལན་གྱི་གསང་འཕྲིན་ལས་ཁུངས་དོན་དངོས་སུ་མངོན་གསལ་གྱིས་འཇབ་རྒོལ་དེའི་ནང་ཞུགས་མྱོང་བ་ཁས་ལེན་བྱས་ཡོད་ཟེར།

ཀྲ་ཧཱ་ལོ་ཝ་ཡིས་བཤད་རྒྱུར། ཐེངས་འདིའི་འཇབ་རྒོལ་གྱི་དམིགས་འབེན་ནི་དམངས་བཀོལ་ནུས་ཁུངས་ཀྱི་རྨང་གཞིའི་སྒྲིག་ཆས་ཡིན་ཞིང་། སྒྲིག་ཆས་དེ་དག་གིས་གོ་ལ་ཧྲིལ་བོའི་ནུས་ཁུངས་བདེ་འཇགས་ཐད་གལ་འགངས་ཆེ་བའི་ནུས་པ་འདོན་པར་འགན་སྲུང་བྱས་ཡོད། འཇབ་རྒོལ་དེ་ལས་མཚོ་ཁོངས་དེའི་འགྲུལ་བཞུད་རང་དབང་ལ་འཇིགས་ཉེན་ཐེབས་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོན་རྐྱེན་དེར་རྒོལ་གཏམ་གཏོང་དགོས་པར་མ་ཟད། ནན་ཏན་གྱིས་ཅི་ཧྥུའུ་དབང་འཛིན་ལས་ཁུངས་དང་དེའི་ལྟག་རྒྱབ་ཀྱི་བཀོད་འདོམ་མཁན་གྱི་གཏོར་བརླག་རང་བཞིན་གྱི་བྱ་སྤྱོད་ལ་དཔྱད་འཇོག་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།