ཧཱ་སག་སི་ཐན་གྱིས་ཝུའུ་ཁི་ལན་གྱིས་རྡོ་སྣུམ་སྐྱེལ་འདྲེན་སྒྲིག་ཆས་ལ་འཇབ་རྒོལ་བྱས་པར་ངོ་རྒོལ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཧཱ་སག་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཟླ11པའི་ཚེས30ཉིན་བཤད་རྒྱུར། ཧཱ་སག་སི་ཐན་གྱིས་ཝུའུ་ཁི་ལན་གྱིས་ཉེ་སྔོན་ལི་ཧེ་མཚོ་ཁོངས་ཀྱི་སྦུག་ལམ་སྡེ་ཚོགས་ཀུང་ཟིའི་སྒྲིག་ཆས་ལ་འཇབ་རྒོལ་ཐེངས་མང་བྱས་པར་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

ཧཱ་སག་སི་ཐན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཧཱ་སག་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་སི་མཱ་ཅི་ཡཱ་ལོ་ཧྥུའུ་ཡིས་བཤད་རྒྱུར། ལི་ཧེ་མཚོ་ཁོངས་ཀྱི་སྦུག་ལམ་སྡེ་ཚོགས་ཀུང་ཟི་ཡིས་གོ་ལ་ཧྲིལ་བོའི་ནུས་ཁུངས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ལ། ཀུང་ཟི་དེའི་སྒྲིག་ཆས་དང་རྒྱུན་ལྡན་གྱི་ཚོང་གཉེར་ལ་རྒྱལ་སྤྱིའི་བཅའ་ཁྲིམས་གྱི་སྲུང་སྐྱོབ་ཐོབ་ཡོད། ཉེ་སྔོན་བྱུང་བའི་འཇབ་རྒོལ་ནི་དམངས་བཀོལ་སྒྲིག་ཆས་ཁོ་ནར་དམིགས་པའི་གནོད་སྐྱེལ་བྱ་སྤྱོད་ཅིག་ཡིན་པ་དང་། ཧཱ་སག་སི་ཐན་ཕྱོགས་ཀྱིས་བལྟས་ན་དེས་ཧཱ་སག་སི་ཐན་དང་ཝུའུ་ཁི་ལན་བར་གྱི་ཕྱོགས་གཉིས་འབྲེལ་བར་གནོད་པ་བཟོས་ཡོད་པར་ཡོད་ལ། ཝུའུ་ཁི་ལན་ཕྱོགས་ཀྱིས་བྱེད་ཐབས་ནུས་ལྡན་སྤྱད་ནས་རིགས་དེ་མཚུངས་ཀྱི་དོན་རྐྱེན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་དགོས་པའི་རེ་བ་བཏོན།

ཧཱ་སག་སི་ཐན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་མཚོ་ནག་གི་གྲུ་ཁའི་གྲོང་ཁྱེར་ལོ་ཞི་སི་ཁི་གསར་བ་ཉེ་འདབས་སུ་ཡོད་པའི་ལི་ཧེ་མཚོ་ཁོངས་སྦུག་ལམ་སྡེ་ཚོགས་ཀུང་ཟིའི་སྲིད་འཛིན་ཐོག་ཁང་ལ་ཚེས25ཉིན་གྱི་དགོང་མོར་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་ཏེ་གཏོར་བརླག་ཐེབས། ལོ་ཞི་སི་ཁི་གསར་བར་ཡོད་པའི་ལི་ཧེ་མཚོ་ཁོངས་སྦུག་ལམ་སྡེ་ཚོགས་ཀུང་ཟིའི་གྲུ་གཟིངས་སྡོད་སའི་སྒྲིག་ཆས་ལ་ཚེས29ཉིན་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་ཏེ། གྲུ་གཟིངས་སྐྱེལ་འདྲེན་དང་ཐོན་སྐྱེད་གཞན་པ་མཚམས་འཇོག་དགོས་བྱུང་བ་དང་། སྣུམ་འདྲུད་གྲུ་གཟིངས་མྱུར་མོར་ཕྱིར་འཐེན་བྱེད་དགོས་བྱུང་ཟེར། བསྒྲགས་པ་ལྟར་ན། བདེ་འཇགས་འགན་སྲུང་མ་ལག་གིས་དུས་ལྟར་འབྲེལ་ཡོད་སྒུག་ལམ་བཅད་པས། མཚོ་ནག་མཚོ་ཁོངས་སུ་གནས་སྐབས་སུ་མ་བཅོས་རྡོ་སྣུམ་ཕྱིར་ཤོར་བའི་དོན་རྐྱེན་བྱུང་མེད་ཟེར།

ལི་ཧེ་མཚོ་ཁོངས་སྦུག་ལམ་སྡེ་ཚོགས་ཀུང་ཟིའི་རྡོ་སྣུམ་སྦུག་ལམ་གྱིས་ཧཱ་སག་སི་ཐན་དང་ཨུ་རུ་སིའི་ལོ་ཞི་སི་ཁི་གསར་བའི་གྲུ་ཁ་གཅིག་ཏུ་སྦྲེལ་ཡོད་པ་དང་། སྤྱིའི་རིང་ཚད་ལ་སྤྱི་ལེ་གཅིག་སྟོང་ལྔ་བརྒྱ་ལྷག་ཡོད་ལ། དེ་ནི་ཧཱ་སག་སི་ཐན་གྱི་རྡོ་སྣུམ་ཕྱིར་གཏོང་རྒྱུ་ལམ་གཙོ་བོ་ཡིན། ཧཱ་སག་སི་ཐན་གྱི་ཐེན་ཅི་ཙི་སྣུམ་ཞིང་ནས་ཐོན་སྐྱེད་བྱས་པའི་རྡོ་སྣུམ་དག་ཀུང་ཟི་དེའི་སྦུག་ལམ་བརྒྱུད་དེ་ལོ་ཞི་སི་ཁི་གསར་བའི་གྲུ་ཁར་སྐྱེལ་བཞིན་ཡོད་པ་དང་། གྲུ་ཁ་དེ་ནས་གྲུ་གཟིངས་ནང་བཅུག་རྗེས་རྒྱལ་སྤྱིའི་ཚོང་རར་སྐྱེལ་འདྲེན་བྱེད་བཞིན་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།