
ཁུ་པཱའི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་ཡིས་ཚེས29ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁའི་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་ཝེ་ནེ་ཙུའེ་ལཱའི་མཁའ་ཁོངས་བཀག་སྡོམ་བྱེད་པའི་གཏམ་བཤད་དེར་རྒོལ་གཏམ་དྲག་པོ་བཏང་བ་དང་། ཨ་མེ་རི་ཁའི་བྱ་སྤྱོད་དེས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་དབང་གྲགས་ལ་འཇིགས་ཉེན་ཚབས་ཆེན་བཟོས་ཡོད་ལ། དེ་ནི་ཝེ་ནེ་ཙུའེ་ལཱའི་ཁྲིམས་མཐུན་སྲིད་གཞུང་རྩ་རྫོགས་བྱེད་པའི་བཙན་འཛུལ་རང་བཞིན་གྱི་བྱ་སྤྱོད་ཅིག་རེད་ཟེར།
ལོ་ཏི་ལི་ཀི་སི་ཡིས་བཤད་རྒྱུར། རྒྱལ་ཁབ་གང་རུང་གིས་རྒྱལ་ཁབ་གཞན་པའི་མཁའ་ཁོངས་བཀག་སྡོམ་བྱེད་པའི་དབང་ཆ་མེད་ཅིང་། ཨ་མེ་རི་ཁ་ཕྱོགས་ཀྱི་ཆོད་དོན་དེས་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས། གཏན་འཇགས་བཅས་ཀྱི་ཐད་ཚོད་དཔག་དཀའ་བའི་མཇུག་འབྲས་འབྱུང་དུ་འཇུག་སྲིད་ཟེར།
ལོ་ཏི་ལི་ཀི་སི་ཡིས་ད་རུང་ཨ་མེ་རི་ཁས་ཅཱ་ལེ་པུས་ས་ཁུལ་དང་ཁྱད་པར་དུ་ཝེ་ནེ་ཙུའེ་ལཱའི་མཁའ་ཁོངས་ལ་དམིགས་ནས་བསྟུད་མར་གློག་ཁབ་ལེན་གྱི་གནོད་པ་བཟོས་པར་རྒོལ་གཏམ་བཏང་། ཁོས་བཤད་རྒྱུར། གནོད་པ་དེ་ནི་ཨ་མེ་རི་ཁའི་ས་ཁུལ་དེའི་དཔུང་འཇུག་རང་བཞིན་དང་རྒྱུན་སྲོལ་ལས་འདས་པའི་དམག་དོན་བཀོད་སྒྲིག་ལས་བྱུང་བ་ཡིན་ལ། དྲག་ཤུགས་ལ་བརྟེན་ནས་མེ་གླིང་གི་སྤུན་ཟླའི་རྒྱལ་ཁབ་དེའི་ཁྲིམས་མཐུན་སྲིད་གཞུང་རྩ་རྫོགས་བྱེད་རྩིས་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།