
ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་ལཱ་མཱ་ཧྥུའུ་སཱ་ཡིས་ཟླ11པའི་ཚེས30ཉིན་གྱི་དགོང་མོར་རྒྱལ་ཡོངས་གཏམ་བཤད་སྤེལ་ཏེ། ཨ་ཧྥེ་རི་ཁ་ལྷོ་མས་མུ་མཐུད་དུ་འཛུགས་སྐྲུན་རང་བཞིན་ལྡན་པའི་རྣམ་འགྱུར་གྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ལས་དོན་ཁྲོད་ཞུགས་རྒྱུ་ཡིན་ཟེར།
ཉེ་སྔོན་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་དྲ་ཚིགས་བརྒྱུད་དེ་ཁྱབ་བསྒྲགས་བྱས་དོན། ཨ་ཧྥེ་རི་ཁ་ལྷོ་མ་སང་ལོར་ཨ་མེ་རི་ཁས་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རྩེ་ཚོགས་ལ་གདན་ཞུ་བྱེད་རྒྱུ་མིན་ཟེར། དོན་དེའི་ཐད་ནས་ལཱ་མཱ་ཧྥུའུ་སཱ་ཡིས་བཤད་རྒྱུར། ཨ་ཧྥེ་རི་ཁ་ལྷོ་མ་ནི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཡིན་པའི་ཆ་ནས། ཆ་འཕྲིན་རྫུན་མ་དང་ཆབ་སྲིད་ཀྱི་ཐེ་གཏོགས་ཤུགས་རྐྱེན་ཐེབས་མི་སྲིད་ལ། མུ་མཐུད་དུ་འཛུགས་སྐྲུན་རང་བཞིན་ལྡན་པའི་རྣམ་འགྱུར་གྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ལས་དོན་ཁྲོད་ཞུགས་རྒྱུ་ཡིན་ཟེར།
ལཱ་མཱ་ཧྥུའུ་སཱ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་གིས་མི་དཀར་གྱི་ས་ཞིང་གཞུང་བཞེས་བྱས་པ་དང་རིགས་རྒྱུད་ཚར་གཅོད་ཀྱི་བྱ་སྤྱོད་ལག་བསྟར་བྱས་པ་སོགས་དོན་དངོས་དང་མི་མཐུན་པའི་གནས་ཚུལ་རྒྱུ་མཚན་དུ་བྱས་ཏེ། ཨ་ཧྥེ་རི་ཁ་ལྷོ་མའི་ཡའོ་ཧན་ནེ་སི་པའོ་ནས་བསྡུས་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རྩེ་ཚོགས་དང་འབྲེལ་ཡོད་གྲོས་ཚོགས་ལ་མ་ཞུགས་པས། ཨ་ཧྥེ་རི་ཁ་ལྷོ་མས་དོན་དེར་འཕང་སེམས་ཆེན་པོ་སྐྱེས་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ཨ་ཧྥེ་རི་ཁ་ལྷོ་མས་ཐོག་མཐའ་བར་གསུམ་དུ་གྲོས་མོལ་དང་མམ་ལས་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་རུང་གིས་དོན་དངོས་མིན་པའི་གནས་ཚུལ་ལ་ཁ་གཡར་ནས་ཨ་ཧྥེ་རི་ཁ་ལྷོ་མའི་ནང་སྲིད་ལ་ཐེ་གཏོགས་དང་སྤྱི་ཚོགས་མཐུན་སྒྲིལ་ལ་གཏོར་བརླག་གཏོང་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་ལ། ཨ་ཧྥེ་རི་ཁ་ལྷོ་མའི་གནད་དོན་དེ་ངེས་པར་དུ་ཨ་ཧྥེ་རི་ཁ་ལྷོ་མའི་མི་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས་ཟེར།
ལཱ་མཱ་ཧྥུའུ་སཱ་ཡིས་བཤད་རྒྱུར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཡའོ་ཧན་ནེ་སི་པའོ་རྩེ་ཚོགས་ནས་ཕྱོགས་མང་རིང་ལུགས་དང་གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་བཅོས་སྐྱོང་ཁྲོད་ཀྱི་ནུས་པ་གལ་ཆེན་མངོན་པར་བྱས་ཡོད། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རྩེ་ཚོགས་སྤེལ་བའི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཐོག་མ་ཡིན་པའི་ཆ་ནས། ཨ་ཧྥེ་རི་ཁ་ལྷོ་མས་གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་འཕེལ་རྒྱས་དེ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་གྲོས་རིམ་གཙོ་བོའི་གྲས་སུ་བཞག་ཡོད། རྩེ་ཚོགས་ཀྱི་བསྒྲགས་གཏམ་ལས་བུ་ལོན་གྱི་རྒྱུན་མཐུད་དང་། གནོད་འཚེ་སྔོན་འགོག་དང་བསྐྱར་འཛུགས། གནད་འགག་གཏེར་ཁའི་ཐོན་ལས་ཀྱི་གསར་སྤེལ་བེད་སྤྱོད། མི་ཐབས་རིག་ནུས་དང་ལྷད་མེད་ལག་རྩལ་གྱི་ཁྱབ་གདལ་སོགས་ཁྱབ་ཁོངས་ནས་ཐུན་མོང་ལྟ་ཚུལ་བཀོད་དེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་ཐུན་མོང་འགྲན་རྩོད་ཐག་གཅོད་བྱེད་པར་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་དངུལ་གསོག་ཐབས་ལམ་འདོན་སྤྲོད་བྱས་ཡོད། ཨ་ཧྥེ་རི་ཁ་ལྷོ་མ་ཡིས་མུ་མཐུད་དུ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། རྩེ་ཚོགས་ཀྱི་གྲུབ་འབྲས་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ་དང་། སྔར་ལས་དཀྱེལ་ཡངས་དང་འདྲ་མཉམ། རྒྱུན་མཐུད་ཐུབ་པའི་གོ་ལ་ཧྲིལ་བོའི་བཅོས་སྐྱོང་མ་ལག་ཅིག་མཉམ་འཛུགས་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།