
ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཟླ11པའི་ཚེས30ཉིན་བསྟན་དོན། ཁོས་ཝུའུ་ཁི་ལན་གྱི་ཉམས་ཉེན་མཇུག་སྒྲིལ་བའི་གྲོས་མཐུན་འགོད་པར་རེ་བས་ཁེངས་ཡོད་ཟེར།
ཐི་ལིང་ཕུའུ་ཡིས་ཉིན་དེར་ཨ་མེ་རི་ཁའི་སྲིད་འཛིན་གྱི་ཆེད་བཏང་གནམ་གྲུའི་སྟེང་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཉིན་དེའི་སྔ་དྲོར་ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱིས་ཧྥོ་ལོ་ལི་ཏཱ་མངའ་སྡེ་ནས་མཐོ་རིམ་གྲོས་མོལ་བདེ་བླག་ངང་སྤེལ་བ་དང་། གྲོས་མཐུན་འགོད་པའི་གོ་སྐབས་བཟང་བོ་བྱུང་ཡོད་ཟེར།
ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་དང་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་དང་ཐི་ལིང་ཕུའུ་ཡི་མག་པ་ཁུའུ་ཧྲི་ནཱ་བཅས་གྲོས་མོལ་ལ་ཞུགས། ལུའུ་པུས་ཨོ་ཡིས་གྲོས་མོལ་བྱས་རྗེས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་རི་ནེ་ཝའི་གྲོས་མོལ་གྱི་རྨང་གཞིའི་སྟེང་གྲུབ་འབྲས་རེ་འགའ་བླངས་ཡོད་ཀྱང་། བྱ་བ་སྔར་ལས་མང་བོ་བསྒྲུབ་དགོས་ཡོད་ཟེར།
ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། གྲོས་མོལ་གྱི་ནང་དོན་ནི་ཝུའུ་ཁི་ལན་གྱི་འདེམ་བསྐོའི་དུས་ཚོད་རེའུ་མིག་དང་། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ས་ཞིང་བརྗེ་སྤོར་བྱ་བ། དེ་མིན་ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་རི་ནེ་ཝའི་གྲོས་མོལ་ཁྲོད་ཐག་གཅོད་བྱས་མེད་པའི་འགལ་བ་སོགས་ལ་ཁྱབ་ཡོད། ཝེ་ཐི་ཁི་ཧྥུའུ་དང་ཁུའུ་ཧྲི་ནཱ་གཉིས་ཟླ12པའི་ཚེས1ཉིན་མའོ་སི་ཁོ་རུ་སོང་ནས་ཨུ་རུ་སིའི་བར་གྲོས་མོལ་བྱེད་རྒྱུ་རེད།
ཟླ11པའི་ཚེས30ཉིན། ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཁོས་ཉིན་དེར་སོ་སོར་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལོའུ་ཐི་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གཉིས་ལ་ཁ་པར་བཏང་ཟེར། བསྒྲགས་པ་ལྟར་ན། ཙེ་ལིན་སི་ཅི་ཟླ12པའི་ཚེས1ཉིན་ཕཱ་རེ་སི་རུ་སོང་ནས་ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་དང་གྲོས་མོལ་བྱེད་རྒྱུ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།