ཧིན་རྡུ་ཉི་ཞི་ཡཱའི་ཆུ་ལོག་གི་གནོད་འཚེ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་མི502ལ་བསླེབས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 3

ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་གནོད་འགོག་ཁང་གིས་ཟླ12པའི་ཚེས1ཉིན་སྤྱི་སྒྲོག་སྤེལ་ཏེ་བཤད་རྒྱུར། ཉེ་སྔོན་སུའུ་མིན་ཏཱ་ལཱ་གླིང་ཕྲན་གྱི་ཞིང་ཆེན་གསུམ་དུ་ཆུ་ལོག་དང་རི་ཉིལ་བའི་དོན་རྐྱེན་བྱུང་བ་ལས་མི502རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི508གར་སོང་རྙེད་མེད། ས་ཁུལ་སོ་སོའི་སྔོག་བཤེར་འགུལ་སྐྱོད་མུ་མཐུད་དུ་བྲེལ་མྱུར་ངང་སྤེལ་བཞིན་ཡོད་ཟེར།

ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་གནོད་འགོག་ཁང་གིས་བསྟན་དོན། ཆུ་ལོག་གི་གནོད་འཚེ་ལས་སུའུ་མིན་ཏཱ་ལཱ་བྱང་མ་ཞིང་ཆེན་དང་སུའུ་མིན་ཏཱ་ལཱ་ཞིང་ཆེན་ནུབ་མ། ཡཱ་ཆི་ཞིང་ཆེན་བཅས་ནས་མི་འབུམ་ལྔ་དང་ཁྲི་ལྔ་ཙམ་བདེ་འཇགས་ས་ཁུལ་དུ་བསྐྱལ་ཡོད། གཞུང་ལམ་ལ་གཏོང་བརླག་ཐེབས་པ་དང་འཕྲིན་གཏོང་མཚམས་ཆད་པའི་ཤུགས་རྐྱེན་ལས་མིག་སྔར་གནོད་ཐེབས་ས་ཁུལ་རེ་འགར་སྔར་བཞིན་བགྲོད་དཀའ་བས། རྒུད་སྐྱོབ་དངོས་རྫས་ཀྱང་གཙོ་བོ་བར་སྣང་སྐྱེལ་འདྲེན་ལ་བརྟེན་དགོས་ཟེར།

ཧིན་རྡུ་ཉི་ཞི་ཡཱའི་སྲིད་འཛིན་ཕུའུ་ལཱ་པའོ་ཨོ་ཡིས་ཟླ12པའི་ཚེས1ཉིན་སུའུ་མིན་ཏཱ་ལཱ་བྱང་མ་ཞིང་ཆེན་དུ་གནོད་འཚེ་ཐེབས་པའི་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་བསྟན་དོན། སྲིད་གཞུང་གི་རྒུད་སྐྱོབ་དང་བཀོད་སྒྲིག་བྱ་བར་ཤུགས་ཆེན་པོས་སྐུལ་འདེད་གཏོང་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།