
ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་གིས་ཟླ12པའི་ཚེས1ཉིན་སྲིད་འཛིན་བཞུགས་ཤག་ཨེ་ལེ་ཧྲི་ཕོ་བྲང་ནས་འཚམས་འདྲིར་ཡོང་བའི་ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལེན་སི་ཅི་ལ་ཐུག་འཕྲད་བྱས་ཏེ། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཞི་བདེའི་འཆར་གཞིའི་ནང་ཝུའུ་ཁི་ལན་དང་ཡོ་རོབ་གླིང་ཞུགས་ན་ད་གཟོད་མཇུག་མཐར་གྲོས་འཆམ་འབྱུང་ཐུབ་ཟེར།
མཱ་ཁི་ལུང་གིས་ཙེ་ལིན་སི་ཅི་དང་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པས་དེའི་སྔོན་སུའེ་ཙེར་གྱི་རི་ནེ་ཝ་དང་ཨ་མེ་རི་ཁའི་ཧྥོ་ལོ་ལི་ཏཱ་མངའ་སྡེའི་གྲོས་མོལ་གླེང་ཡང་། མིག་སྔར་ད་རུང་ངེས་པ་དོན་གྱི་མཇུག་མཐའི་ཞི་བདེའི་འཆར་གཞི་བཀོད་མེད་པར་འདོད།
མཱ་ཁི་ལུང་གིས་ནན་གྱིས་བསྟན་དོན། ཝུའུ་ཁི་ལན་དང་ཡོ་རོབ་གླིང་གི་མི་ཟབ་ཞུགས་མ་བྱས་ན། ཝུའུ་ཁི་ལན་གྱི་བདེ་འཇགས་འགན་སྲུང་གྲོས་གཞིའི་ཐད་ནས་གྲོས་མོལ་བྱེད་ཐབས་མེད་ཟེར། ཁོས་ཨ་མེ་རི་ཁའི་བར་འདུམ་བྱ་བར་དགའ་བསུ་བྱེད་ཀྱང་། ཝུའུ་ཁི་ལན་ལ་ད་གཟོད་མངའ་ཁོངས་གྲོས་གཞིར་གྲོས་བསྡུར་བྱེད་པའི་ཐོབ་ཐང་ཡོད་ཟེར།
ཙེ་ལིན་སི་ཅི་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། མངའ་ཁོངས་ནི་ཝུའུ་ཁི་ལན་དང་ཨུ་རུ་སིའི་ཞི་བདེའི་གྲོས་མོལ་ཁྲོད་ཀྱི་ཆེས་དཀའ་ཁག་ཆེ་བའི་གྲོས་གཞི་རེད་ཟེར། ཁོས་བསྟན་དོན། ནུས་པ་གང་ཡོད་བཏོན་ནས་འཐབ་འཁྲུག་དེ་མཇུག་སྒྲིལ་དུ་འཇུག་པར་བརྩོན་བཞིན་ཡོད། ཝུའུ་ཁི་ལན་གྱི་དམིགས་འབེན་གཙོ་བོ་ནི་བདག་དབང་སྲུང་སྐྱོབ་དང་བློ་གཏད་རུང་བའི་བདེ་འཇགས་འགན་སྲུང་ལ་ཁག་ཐེག་བྱེད་རྒྱུ་དེ་ཡིན་ཟེར།
ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཁོས་ཨ་མེ་རི་ཁའི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་ཡིས་གཟའ་འཁོར་འདིའི་ནང་མའོ་སི་ཁོ་རུ་འཚམས་འདྲི་བྱས་རྗེས་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་དང་གྲོས་མོལ་བྱེད་པར་རེ་བཞིན་ཡོད་ཟེར།
ཨེ་ལེ་ཧྲི་ཕོ་བྲང་གིས་བཤད་རྒྱུར། མཱ་ཁི་ལུང་དང་ཙེ་ལིན་སི་ཅི་གཉིས་ཀྱིས་ཉིན་དེར་དབྱིན་ཇི་དང་། འཇར་མན། དབྱི་ཐཱ་ལེ་སོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལོའུ་ཐི། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་སོགས་ལ་ཁ་པར་བཏང་། མཱ་ཁི་ལུང་གིས་ད་རུང་ཐི་ལིང་ཕུའུ་དང་མཉམ་དུ་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། ཝུའུ་ཁི་ལན་གྱི་ཡུན་རིང་གཏན་འཇགས་ཀྱི་ཞི་བདེ་མངོན་འགྱུར་བྱེད་པའི་ཆ་རྐྱེན་དང་ཨ་མེ་རི་ཁ་ཕྱོགས་ཀྱི་བར་འདུམ་ལས་རིམ་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།