ཐུར་ཁེའི་སྲིད་འཛིན་གྱིས་མཚོ་ནག་གི་སྣུམ་འདྲུད་གྲུ་གཟིངས་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཐུར་ཁེའི་སྲིད་འཛིན་ཨེ་ཨར་ཏའོ་ཨན་གྱིས་ཟླ12པའི་ཚེས1ཉིན་མཚོ་ནག་གི་སྣུམ་འདྲུད་གྲུ་གཟིངས་ལ་འཇབ་རྒོལ་ཐེབས་པར་རྒོལ་གཏམ་བཏང་བ་དང་། འབྲེལ་ཡོད་ཕྱོགས་སོ་སོས་ཐུར་ཁེའི་ཆེད་གཏོགས་ཀྱི་དཔལ་འབྱོར་ས་ཁུལ་ནང་འགྲུལ་བཞུད་བདེ་འཇགས་ལ་འཇིགས་ཉེན་བཟོས་པའི་བྱ་སྤྱོད་དེ་དང་ལེན་བྱེད་ཐབས་མེད་པའི་ཉེན་བརྡ་བཏང་།

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་ནེ་ཀིའི་གྲོས་ཚོགས་མཇུག་སྒྲིལ་རྗེས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། གནས་ཚུལ་གང་ཡིན་ཡང་འཇབ་རྒོལ་དོན་རྐྱེན་དེ་དག་དང་ལེན་བྱེད་ཐབས་མེད། རྒྱུ་མཚན་ནི་ཆེད་གཏོགས་ཀྱི་དཔལ་འབྱོར་ས་ཁུལ་ནང་གི་འགྲུལ་བཞུད་དང་ཁོར་ཡུག མི་སྣའི་བདེ་འཇགས་བཅས་ལ་འཇིགས་ཉེན་བཟོས་པས་ཡིན། ཐུར་ཁེ་ཡིས་གནས་ཚུལ་དེ་རིགས་ཀྱི་ཐད་ནས་འབྲེལ་ཡོད་ཕྱོགས་ལ་དགོས་ངེས་ཀྱི་ཉེན་བརྡ་གཏོང་དགོས་ཟེར།

ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་བར་གྱི་འཁྲུག་རྩོད་དེ་མཚོ་ནག་གི་འགྲུལ་བཞུད་བདེ་འཇགས་ལ་འཇིགས་ཉེན་བཟོ་བའི་ཚད་དུ་བསླེབས་ཡོད་ལ། ཆེད་གཏོགས་དཔལ་འབྱོར་ས་ཁུལ་གྱི་གྲུ་གཟིངས་ལ་འཇབ་རྒོལ་ཐེབས་པར་ཀུན་གྱི་སེམས་ཁུར་ཇེ་ཆེར་འགྲོ་བཞིན་པ་མཚོན་ཡོད་ཟེར།

ཁོས་ད་རུང་བསྟན་དོན། ཐུར་ཁེ་ཡིས་ཉེ་བའི་གཟའ་འཁོར་འགའི་ནང་འཁྲུག་རྩོད་མཇུག་སྒྲིལ་བར་དམིགས་པའི་གནས་བབ་ཀྱི་འཕེལ་རྒྱས་གནས་ཚུལ་ལ་དོ་སྣང་ཟབ་མོ་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།