
ཝེ་ནེ་ཙུའེ་ལཱའི་སྲིད་འཛིན་མཱ་ཏུའུ་ལོ་ཡིས་ཉེ་སྔོན་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཀའེ་སི་ལ་འཕྲིན་ཡིག་བསྐུར་ནས། ཨ་མེ་རི་ཁས་ཅཱ་ལེ་པུས་མཚོ་ཁོངས་ས་ཁུལ་གྱི་དམག་དོན་བཀོད་སྒྲིག་ལ་ཤུགས་སྣོན་བྱས་པ་ལས། ཝེ་ནེ་ཙུའེ་ལཱར་འཇིགས་ཉེན་ཐེབས་ཡོད་པར་མ་ཟད། གོ་ལ་ཧྲིལ་བོའི་ནུས་ཁུངས་ཚོང་རའི་གཏན་འཇགས་ལའང་འཇིགས་ཉེན་ཐེབས་སྲིད་ཟེར།
ཝེ་ནེ་ཙུའེ་ལཱའི་སྲིད་འཛིན་གཞོན་པའམ་རྡོ་སྣུམ་པུའུ་ཀྲང་ལོ་ཏི་ལི་ཀི་སི་ཡིས་ཉེ་སྔོན་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་གྲོས་ཚོགས་སྐབས་སུ་འཕྲིན་ཡིག་གི་ནང་དོན་སྒྲོག་འདོན་བྱས། མཱ་ཏུའུ་ལོ་ཡིས་འཕྲིན་ཡིག་ནང་བཤད་རྒྱུར། ཟླ8པའི་ཚུན་ལ། ཨ་མེ་རི་ཁས་སྤེལ་བའི་བར་ཆད་བཟོ་བ་དང་འཇིགས་ཉེན་བཟོ་བའི་འགུལ་སྐྱོད་དེ་སྔར་ལས་ཛ་དྲག་ཏུ་གྱུར་ཡོད་ཅིང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ཅཱ་ལེ་པུས་མཚོ་ཁོངས་ས་ཁུལ་དུ་དམག་གྲུ་བཅུ་ཕྲག་ལྷག་དང་དམག་མི་ཁྲི་གཅིག་དང་སྟོང་ལྔ་ཙམ་བཀོད་སྒྲིག་བྱས་ཡོད་པ་དང་། གྲུ་གཟིངས་ལ་བར་སྣང་འཇབ་རྒོལ་ཐེངས་ཉི་ཤུ་ལྷག་ལག་བསྟར་བྱས་ཏེ་མི80ལྷག་རྐྱེན་ལམ་དུ་ཤོར་ཡོད། འགུལ་སྐྱོད་དེ་དག་ལས་ཡང་དང་བསྐྱར་དུ་དྲག་ཤུགས་བཀོལ་ནས་འཇིགས་སྐུལ་བྱེད་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་རྒྱབ་འགལ་དུ་སོང་ཡོད་ལ། ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས། ནུས་ཁུངས་མཁོ་འདོན་སྦྲེལ་མཐུད་བཅས་ལ་གནོད་པ་ཐེབས་ཡོད་ཟེར།
མཱ་ཏུའུ་ལོ་ཡིས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱི་གོང་སྨྲས་ཀྱི་འགུལ་སྐྱོད་ནི་དྲག་ཤུགས་ལ་བརྟེན་ནས་ཝེ་ནེ་ཙུའེ་ལཱའི་རྡོ་སྣུམ་ཐོན་ཁུངས་འཕྲོག་ལེན་བྱེད་པ་དམིགས་ཡུལ་དུ་བྱས་ཡོད། གཡོ་ཇུས་དེས་ཝེ་ནེ་ཙུའེ་ལཱའི་རྡོ་སྣུམ་ཐོན་སྐྱེད་ལ་ཐད་ཀར་དུ་འཇིགས་ཉེན་བཟོས་པར་མ་ཟད། གོ་ལ་ཧྲིལ་བོའི་ནུས་ཁུངས་ཚོང་རའི་གཏན་འཇགས་ཐད་ལའང་ཉེན་ཁ་བཟོས་ཡོད་ཟེར།
མཱ་ཏུའུ་ལོ་ཡིས་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ལོ་རྒྱུས་སྟེང་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་ལ་དམིགས་པའི་དམག་དོན་ཐེ་གཏོགས་ལས་བཟོས་པའི་མཇུག་འབྲས་ལ་དོ་སྣང་བྱེད་དགོས་པ་དང་། དབྱི་རག་དང་ལི་པུ་ཡཱ་སོགས་རྒྱལ་ཁབ་ཕྱི་ཕྱོགས་དམག་དོན་འགུལ་སྐྱོད་དབང་གིས་ནུས་ཁུངས་མ་ལག་ལ་གཏོར་བརླག་ཐེབས་པ་དང་ཚོང་རར་ཤུགས་རྐྱེན་ཆེན་པོ་ཐེབས་པའི་གནས་ཚུལ་དམིགས་སུ་བཀར་ནས་གླེང་། མཱ་ཏུའུ་ལོ་ཡིས་ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱར་མུ་མཐུད་དུ་གནོན་ཤུགས་བྱིན་ན། དུས་ཡུན་ཐུང་འབྲིང་རིང་གསུམ་གང་ཡིན་ཡང་གོ་ལ་ཧྲིལ་བོའི་རྡོ་སྣུམ་ཐོན་སྐྱེད་མ་ལག་དང་མཁོ་འདོན་དོ་མཉམ་ཐད་ཤུགས་རྐྱེན་ངན་པ་ཐེབས་སྲིད་པའི་ཉེན་བརྡ་བཏང་།
མཱ་ཏུའུ་ལོ་ཡིས་ནན་གྱིས་བསྟན་དོན། ཝེ་ནེ་ཙུའེ་ལཱ་ཡིས་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་ཐོན་ཁུངས་བདག་དབང་ལ་སྲུང་སྐྱོབ་བྱས་ཏེ། རྣམ་པ་གང་རུང་གི་ཕྱི་ཕྱོགས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་རྒྱུ་མ་ཟད། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་སོགས་ཀྱིས་འབྲེལ་འདྲིས་རོགས་ལས་ལ་ཤུགས་སྣོན་བྱས་ཏེ། ཨ་མེ་རི་ཁའི་འགུལ་སྐྱོད་ལས་ཚོང་ར་དང་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཁེ་ཕན་ལ་ཐེབས་སྲིད་པའི་མི་མངོན་པའི་ཤུགས་རྐྱེན་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།