
ཨུ་རུ་སིའི་དཀར་པོའི་རྒྱལ་སྲུང་པུའུ་ཀྲང་གི་ལས་རོགས་པ། རྒྱལ་སྤྱིའི་དམག་དོན་མཉམ་ལས་ཟི་ཡི་ཟི་ཀྲང་ལེ་ཝུན་ཁི་ཡིས་ཟླ11པའི་ཚེས30ཉིན་རྒྱལ་ཁབ་དེའི་དམག་དོན་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨུ་རུ་སི་དཀར་པོའི་རྒྱལ་སྲུང་པུའུ་ཡིས་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བར་ཡོ་རོབ་གླིང་ཤར་མ་ས་ཁུལ་གྱི་བདེ་འཇགས་ལ་འགན་སྲུང་བྱེད་པར་དམིགས་པའི་གྲོས་མོལ་བྱེད་འདོད་ཡོད་ཟེར།
ལེ་ཝུན་ཁི་ཡིས་བསྟན་དོན། མིག་སྔར་ཨུ་རུ་སི་དཀར་པོ་དང་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་འདུས་པའི་ནུབ་ཕྱོགས་རྒྱལ་ཁབ་བར་གནད་དོན་མང་བོ་གནས་ཡོད། དེའི་འབྱུང་རྩ་ནི་ནུབ་ཕྱོགས་རྒྱལ་ཁབ་དག་གིས་རང་ངོས་ཀྱི་ཁེ་ཕན་དང་ཡོ་རོབ་གླིང་ཤར་མ་ས་ཁུལ་གྱི་བདེ་འཇགས་འདོད་བློ་བཅས་ཨུ་རུ་སི་དཀར་པོའི་ཁེ་ཕན་གྱི་སྟེང་གི་བཞག་ཡོད་པར་མ་ཟད། ཨུ་རུ་སི་དཀར་པོ་ཁེར་རྐྱང་དུ་ཕུད་པའི་བྱེད་ཐབས་སྤྱད་པའི་སྟབས་ཤྱིས་ཨུ་རུ་སི་དཀར་པོའི་ཆབ་སྲིད་དང་དཔལ་འབྱོར། མི་གཞུང་བཅས་ཁྱབ་ཁོངས་ཀྱི་ཁེ་ཕན་ལ་གནོད་པ་ཐེབས་ཡོད་ཟེར།
ལེ་ཝུན་ཁི་ཡིས་བསྟན་དོན། ཨུ་རུ་སི་དཀར་པོས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་བྱེད་ཐབས་དེ་རིགས་ལ་ངོ་རྒོལ་བྱེད་ཀྱང་། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བར་གྱི་འབྲེལ་འདྲིས་སྲུང་འཛིན་བྱེད་འདོད་ཡོད། ཨུ་རུ་སི་དཀར་པོས་ཁྱིམ་མཚེས་མཛའ་མཐུན་གྲོགས་པོའི་སྲིད་ཇུས་རྒྱུན་འཁྱོངས་བྱས་ཤིང་། རང་ངོས་ཀྱི་ལངས་ཕྱོགས་རྒྱས་བཤད་བྱེད་པའི་ཞོར་དུ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་བསམ་འཆར་ལ་ཉན་ནས། ཐུན་མོང་ལྟ་ཚུལ་འགོད་པར་བརྩོན་ལེན་དང་ཡོ་རོབ་གླིང་ཤར་མ་ས་ཁུལ་གྱི་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།