
ཁུ་པཱ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་ཚེས2ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཨ་མེ་རི་ཁ་ཡིས་ཝེ་ནེ་ཙུའེ་ལཱའི་ཁྲིམས་མཐུན་སྲིད་གཞུང་རྩ་རྫོགས་བྱེད་ཆེད་འཆར་འགོད་བྱས་པའི་ཐེ་གཏོགས་བྱ་སྤྱོད་དང་འཇིགས་སྐུལ། དམག་དོན་བཙན་འཛུལ་བཅས་ལ་རྒོལ་གཏམ་བཏང་།
ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་བསྟན་དོན། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱར་ཐེ་གཏོགས་དང་དམག་དོན་འཇབ་རྒོལ་བྱེད་པར་འཆར་འགོད་བྱས་པ་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་ཡིན་པ་དང་། ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་མཚོ་ཁོངས་ས་ཁུལ་ནི་ཞི་བདེ་ས་ཁུལ་ཡིན་ཟེར།
ཟླ9བའི་ཚུན་ལ། ཨ་མེ་རི་ཁའི་དམག་དཔུང་གིས་དུག་འགོག་ལ་ཁ་གཡར་ནས་ཅཱ་ལེ་པུས་མཚོ་ཁོངས་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཤར་མར་འགུལ་སྐྱོད་སྤེལ་ཏེ། དུག་རྫས་སྐྱེལ་འདྲེན་གྲུ་གཟིངས20ལྷག་ལ་འཇབ་རྒོལ་བྱས་པ་དང་། མི80ལྷག་རྐྱེན་ལམ་དུ་ཤོར། ཡིན་ཡང་ཨ་མེ་རི་ཁའི་སྲིད་གཞུང་གིས་དཔུང་འཇུག་དམིགས་འབེན་དེ་དུག་རྫས་ལྐོག་འཚོང་ལ་འབྲེལ་བ་ཡོད་པའི་བདེན་དཔང་ཅི་ཡང་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།