ལྷོ་ཁོ་རེ་ཡཱའི་སྲིད་འཛིན་གྱིས་ཞི་བདེ་མཉམ་གནས་ཀྱི་རྣམ་པ་གསར་བའི་ལྷོ་བྱང་འབྲེལ་བ་འཛུགས་དགོས་པའི་འབོད་སྐུལ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ལྷོ་ཁོ་རེ་ཡཱའི་སྲིད་འཛིན་ལིས་ཙེ་མེན་གྱིས་ཚེས2ཉིན་བསྟན་དོན། མིག་སྔར་མདུན་དུ་ལྷགས་པའི་གནད་དོན་ནི་ལྷོ་བྱང་བར་གྱི་དགྲར་འཛིན་དང་འགལ་བ་མཇུག་སྒྲིལ་ནས། ཞི་བདེ་མཉམ་གནས་ཀྱི་རྣམ་པ་གསར་བའི་ལྷོ་བྱང་གི་འབྲེལ་བ་འཛུགས་རྒྱུ་དེ་ཡིན་ཟེར།

ལིས་ཙེ་མེན་གྱིས་ཉིན་དེར་ཧན་གོའི་ཅིན་ཅི་ལམ་གྱི་ཀའོ་དབྱང་གྲོང་ཁྱེར་དུ་དམངས་གཙོ་ཞི་བདེའི་གཅིག་གྱུར་བློ་འདྲི་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་ཏེ་གཏམ་བཤད་སྤེལ། ཁོས་བསྟན་དོན། ལྷོ་ཁོ་རེ་ཡཱ་ཡིས་སྔོན་ལ་ལྷག་བསམ་རྣམ་དག་གིས་བྱ་བ་མང་བོ་བསྒྲུབས་ན། བྱང་ཁོ་རེ་ཡཱའི་རྣམ་འགྱུར་ལའང་འགྱུར་ལྡོག་འབྱུང་སྲིད་ཟེར།

ཁོས་བཤད་རྒྱུར། གལ་ཏེ་དགྲར་འཛིན་ལས་བྱུང་བའི་ཁ་བྲལ་རྣམ་པ་དེ་ཞི་བདེ་རྨང་གཞིའི་འཕར་སྣོན་སྒུལ་ཤུགས་སུ་བསྒྱུར་ན། ཕྱེད་གླིང་གི་ཉེན་ཁ་དེ་ཕྱེད་གླིང་གི་ཁེ་ཕན་དུ་བསྒྱུར་ཐུབ་ལ། སྲ་བརྟན་གྱི་ཞི་བདེ་འཛུགས་ཐུབ་པས། དེ་ཧན་གོ་དང་ཁྲའོ་ཞན་གང་ལ་མཚོན་ནའང་ཆེས་བཟང་བའི་གདམ་གསེས་ཡིན་ཟེར།

ལིས་ཙེ་མེན་གྱིས་བསྟན་དོན། ལྷོ་ཁོ་རེ་ཡཱའི་སྲིད་གཞུང་གིས་ཕྱིན་ཆད་ལྷོ་བྱང་གི་དམག་དོན་རྒྱལ་མཚམས་ས་ཁུལ་གྱི་དམག་དོན་ཛ་དྲག་གི་སྣང་ཚུལ་ཇེ་ཞན་དུ་གཏོང་རྒྱུ་ཡིན་པ་དང་། རང་འགུལ་གྱིས་དགོས་ངེས་བྱེད་ཐབས་སྤྱད་ནས་གློ་བུར་དུ་འཁྲུག་རྩོད་འབྱུང་བའི་ཉེན་ཁ་མེད་པར་གཏོང་དགོས་ཟེར། ཁོས་བཤད་རྒྱུར། ལྷོ་བྱང་གྲོས་མོལ་སླར་གསོ་བྱེད་པ་ནི་ཞི་བདེ་མཉམ་གནས་ཀྱི་མ་འོངས་གསར་གཏོད་བྱེད་པའི་དགོས་ངེས་ཀྱི་ཆ་རྐྱེན་ཡིན་པ་དང་། ལྷོ་བྱང་བར་གྱི་འབྲེལ་འདྲིས་ཐབས་ལམ་སླར་གསོ་བྱས་ཏེ་ལྷག་བསམ་རྣམ་དག་གིས་གྲོས་མོལ་བྱེད་པའི་གྲོས་གཞི་བཏོན་ཡོད་ཟེར།

ལིས་ཙེ་མེན་གྱིས་ད་རུང་བཤད་རྒྱུར། བསྟུད་མར་འབད་བརྩོན་བྱས་ནས་ཕྱེད་གླིང་གི་འཐབ་འཁྲུག་རྣམ་པ་མཇུག་སྒྲིལ་ནས། ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་མངོན་འགྱུར་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།