སེ་ཕུའུ་ལུའུ་སིའི་སྲིད་འཛིན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་སྐབས་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐབ་ཇུས་རང་བདག་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

སེ་ཕུའུ་ལུའུ་སིའི་སྲིད་འཛིན་ཧི་ལི་སི་ཐའོ་ཙུའུ་ལེ་ཅི་སི་ཡིས་ཚེས1ཉིན་བཤད་རྒྱུར། མི་འགྱངས་པར་ཐོན་ལས་ཉེ་བའི་ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཡུན་ནང་། སེ་ཕུའུ་ལུའུ་སི་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐབ་ཇུས་རང་བདག་ལ་ཤུགས་སྣོན་བྱེད་རྒྱུ་མ་ཟད་ཡོ་རོབ་གླིང་མནའ་འབྲེལ་དང་ཉེ་འཁོར་ས་ཁུལ་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་ཟེར།

ཧི་ལི་སི་ཐའོ་ཙུའུ་ལེ་ཅི་སི་ཡིས་ཉིན་དེར་སྲིད་འཛིན་བཞུགས་ཤག་ནས་འཚམས་འདྲིར་ཡོང་བའི་ཡོ་རོབ་གླིང་གྲོས་ཁང་གི་གྲོས་དཔོན་མཱེ་ཚོ་ལཱ་དང་གྲོས་མོལ་བྱས། ཧི་ལི་སི་ཐའོ་ཙུའུ་ལེ་ཅི་སི་ཡིས་བཤད་རྒྱུར། སེ་ཕུའུ་ལུའུ་སི་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་སུ་བྱ་བ་གལ་ཆེན་གཉིས་བསྒྲུབ་དགོས་ཏེ། གཅིག་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་དཔལ་འབྱོར་ཉོ་ཚོང་གི་འགྲན་རྩོད་ནུས་པ་དང་འགོག་སྲུང་བདེ་འཇགས། གནས་སྤོར་སྡོད་དམངས་ཀྱི་བཅོས་སྐྱོང་། ལོ་མང་བོའི་ནོར་སྲིད་སྒྲོམ་གཞི་དང་སྡོད་ཁང་སོགས་ཁྱབ་ཁོངས་ཀྱི་འཐབ་ཇུས་ནུས་པ་མཐོར་འདེགས་བྱེད་པ་དང་། གཉིས་ནི་ཡོ་རོབ་གླིང་མནའ་འབྲེལ་དང་ཉེ་འཁོར་ས་ཁུལ་གྱི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་སྟེ། ཆབ་སྲིད་ཀྱི་གལ་ཆེན་རང་བཞིན་ཉིན་རེ་བཞིན་འབུར་ཐོན་དུ་མངོན་པའི་ས་ཁོངས་ཀྱིས་དངོས་གཉེར་གྱི་གྲུབ་འབྲས་ལོན་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

ཁོས་ད་རུང་བཤད་རྒྱུར། སེ་ཕུའུ་ལུའུ་སི་ཕྱོགས་ཀྱིས་ཐུར་ཁེའི་སྲིད་འཛིན་དང་ཕྱི་འབྲེལ་བློན་ཆེན་གདན་དྲངས་ནས་སང་ལོའི་ཟླ་བཞིར་སེ་ཕུའུ་ལུའུ་སི་ནས་སྤེལ་རྒྱུར་ཐག་བཅད་ཡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྱི་དངོས་གཞིས་མིན་པའི་གྲོས་ཚོགས་ལ་ཞུགས་སུ་འཇུག་པའི་འཆར་གཞི་ཡོད་ཀྱང་། ཚོགས་འདུར་ཞུགས་མིན་ཐུར་ཁེ་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས་ཟེར།

མཱེ་ཚོ་ལཱ་ཡིས་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཡོ་རོབ་གླིང་གྲོས་ཁང་གིས་གནས་སྤོར་སྡོད་དམངས་དང་དུས་ཡུན་རིང་བའི་ནོར་སྲིད་སྒྲོམ་གཞི། སྡོད་ཁང་། ཝུའུ་ཁི་ལན་སོགས་གྲོས་གཞི་གལ་ཆེན་རབ་དང་རིམ་པའི་ཐད་ནས་སེ་ཕུའུ་ལུའུ་སིའི་བར་རོགས་ལས་དམ་ཟབ་བྱེད་པར་རེ་སྒུག་བྱས་ཡོད། ཡོ་རོབ་གླིང་གྲོས་ཁང་དུ་མིག་སྔར་ཁྲིམས་འཛུགས་གྱོད་དོན250ལྷག་སྐུལ་འདེད་གཏོང་བའི་དུས་རིམ་དུ་གནས་ཡོད་ཅིང་། མ་འོངས་པའི་ལོ་ཕྱེད་ཀྱི་ཁྲིམས་འཛུགས་ལས་འགན་ཧ་ཅང་ལྗིད་པ་དང་། གནས་སྤོར་སྡོད་དམངས་དང་འགེབས་སྲུང་གྲོས་མཐུན། ལོ་མང་བོའི་ནོར་སྲིད་སྒྲོམ་གཞི་གསར་བསྒྱུར་བྱེད་པ། ནམ་ཟླ་དང་གཞི་གྲངས་ཁྱབ་ཁོངས་ཀྱི་ལྟ་རྟོག་དོ་དམ་ལ་སྐུལ་འདེད་གཏོང་བ། དེ་མིན་སྲིད་འཛིན་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་སོགས་གནད་འགག་གི་གྲོས་རིམ་ལ་ཁེབས་ཡོད་ཟེར།

སེ་ཕུའུ་ལུའུ་སི་ཡིས་སང་ལོའི་ཟླ་དང་པོ་ནས་བཟུང་དངོས་སུ་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་འགན་ཁུར་རྒྱུ་ཡིན་པ་དང་། འགན་ཡུན་ཟླ་ངོ་དྲུག་རེད།