ཨར་ཅི་རི་ཡཱའི་འཕྲོད་བསྟེན་པུའུ་ཀྲང་གིས་ཀྲུང་གོའི་སྨན་བཅོས་རུ་ཁག་གི་ཆེད་ལས་དང་གཏོང་ཕོད་སྙིང་སྟོབས་ལ་གཟེངས་བསྟོད་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཨར་ཅི་རི་ཡཱའི་འཕྲོད་བསྟེན་པུའུ་ཀྲང་མུའུ་ཧན་མུའུ་ཏི་ཞེ་ཏིག་ཁི་ཨེ་ཐིག་མཱ་སུའུ་ཏེན་གྱིས་ཟླ12པའི་ཚེས1ཉིན་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་མངོན་པའི་ཆེད་ལས་སྙིང་སྟོབས་དང་གཏོང་ཕོད་སྙིང་སྟོབས་ལ་གཟེངས་བསྟོད་ཆེན་པོ་བྱས།

མཱ་སུའུ་ཏེན་གྱིས་ཉིན་དེར་རྒྱལ་ཁབ་དེའི་རྒྱལ་ས་ཨར་ཅིར་ནས་ཀྲུང་གོའི་སྐོར་ཐེངས་ཉེར་བརྒྱད་པའི་ཨར་ཅི་རི་ཡཱའི་སྨན་བཅོས་རོགས་སྐྱོར་རུ་ཁག་ལ་སྐྱེལ་མ་བྱེད་པའི་མཛད་སྒོའི་སྟེང་བཤད་རྒྱུར། འདས་པའི་ལོ་གཉིས་ཀྱི་ནང་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ཨར་ཅི་རི་ཡཱའི་ཞིང་ཆེན་དང་གསོ་རིག་ཆེད་ལས་ཁྱབ་ཁོངས་མང་བོ་ནས་བྱ་བ་སྤེལ་བ་དང་། ཁོ་ཚོས་ཨར་ཅི་རི་ཡཱའི་སྨན་བཅོས་མི་སྣ་དང་དཔུང་བ་མཉམ་གཤིབ་ཀྱིས་བྱ་བ་ལས་པ་དང་། ཤེས་བྱ་དང་ཉམས་མྱོང་མཉམ་སྤྱོད་བྱས་ལ། མཉམ་དུ་ལག་བསྟར་འབད་བརྩོན་བྱས་ཏེ། ཨར་ཅི་རི་ཡཱའི་མང་ཚོགས་ལ་གང་ནུས་ཀྱིས་ཆེས་བཟང་བའི་སྨན་བཅོས་འདོན་སྤྲོད་བྱས་ཡོད། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ཆེད་ལས་ཀྱི་ཉམས་མྱོང་འདོན་སྤྲོད་བྱས་པར་མ་ཟད། ཞིབ་ཚགས་ཀྱི་སེམས་ཁུར་ལ་བརྟེན་ནས་ལས་རིགས་ཀྱི་སྙིང་སྟོབས་ཚད་མཐོན་པོ་མངོན་པར་བྱས་ཡོད་ཟེར།

ཁོས་གཟེངས་བསྟོད་བྱས་དོན། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་གསོ་བཅོས་གང་ལེགས་བྱས་ནས་ནད་པ་མང་བོར་གསོན་པའི་རེ་བ་སྦྱིན་ཡོད། ཁོ་ཚོས་གསར་གཏོད་ལག་རྩལ་གྱིས་ཨར་ཅི་རི་ཡཱའི་སྨན་བཅོས་ཚོགས་ཁག་ལ་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་འོད་སྣང་སྔར་ལས་གསལ་བར་བྱས་ཡོད་ཟེར། ཁོས་བསྟན་དོན། ཀྲུང་གོའི་སྨན་བཅོས་རུ་ཁག་ཡོང་བ་ལས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་གསོན་ཤུགས་གསར་བ་རྒྱས་ཡོད་ཟེར།

ཨར་ཅི་རི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཏུང་ཀོང་ལེ་ཡིས་བསྟན་དོན། ཨར་ཅི་རི་ཡཱ་རུ་འབྱོར་བའི་ཚུན་ལ། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ཨར་ཅི་རི་ཡཱའི་སྨན་བཅོས་མི་སྣ་དང་དཔུང་བ་མཉམ་གཤིབ་ཀྱིས་བྱ་བ་ལས་པ་དང་། རྩེར་སོན་གྱི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་ཚེ་སྲོག་མང་བོ་བསྐྱབས་པར་མ་ཟད། སྒེར་སེམས་མེད་པའི་གཏོང་ཕོད་ལ་བརྟེན་ནས་ཨར་ཅི་རི་ཡཱའི་མི་དམངས་ཀྱི་བརྩི་འཇོག་དང་ཡིད་ཆེས་ཐོབ་ཡོད་ལ། ཀྲུང་གོ་དང་ཨར་ཅི་རི་ཡཱ་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར།

ཏུང་ཀོང་ལེ་ཡིས་བཤད་རྒྱུར། ཨར་ཅི་རི་ཡཱ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་ནི་ཀྲུང་གོས་ཕྱི་རྒྱལ་དུ་མངག་གཏོང་བྱས་པའི་ཕྱི་ཕྱོགས་རོགས་སྐྱོར་གྱི་སྨན་བཅོས་རུ་ཁག་ཐོག་མ་ཡིན་ཞིང་། མིག་སྔར་དེ་ནི་ཀྲུང་གོའི་གཞི་རྒྱ་ཆེས་ཆེ་ཞིང་རིམ་བརྩིས་ཀྱིས་མངག་གཏོང་བྱས་པའི་མི་གྲངས་ཆེས་མང་བའི་ཕྱི་ཕྱོགས་རོགས་སྐྱོར་གྱི་སྨན་བཅོས་རུ་ཁག་ཅིག་ཡིན་ལ། སྔ་རྗེས་སུ་སྨན་བཅོས་རུ་ཁག་སྐོར་ཐེངས་ཉེར་བརྒྱད་ཨར་ཅི་རི་ཡཱ་རུ་ཡོང་ནས་བྱ་བ་བྱས་པ་དང་། རིམ་བརྩིས་ཀྱིས་རུ་མི་སྟོང་གསུམ་དང་དྲུག་བརྒྱ་གསུམ་མངག་གཏོང་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།