ཐི་ལིང་ཕུའུ་དང་པཱ་ཞིའི་སྲིད་འཛིན་གྱིས་མཉམ་ལས་བྱས་ཏེ་རྩ་འཛུགས་ཡོད་པའི་ནག་ཉེས་ལ་ཆམ་ཕབ་གཏོང་བ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས2ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཁོས་པཱ་ཞིའི་སྲིད་འཛིན་ལུའུ་ལཱ་དང་ཁ་པར་གྲོས་མོལ་བྱས་ཏེ། མཉམ་ལས་ལ་བརྟེན་ནས་རྩ་འཛུགས་ཡོད་པའི་ནག་ཉེས་ལ་ཆམ་ཕབ་གཏོང་བ་དང་། ཉོ་ཚོང་དང་སྒོ་ཁྲལ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས་ཟེར།

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཁོ་དང་ལུའུ་ལཱ་གཉིས་ཀྱིས་ཕན་འབྲས་ལྡན་པའི་ཁ་པར་གྲོས་མོལ་བྱས་པ་དང་། གྲོས་མོལ་གྱི་ནང་དོན་ལ་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་བྱས་ནས་རྩ་འཛུགས་ཡོད་པའི་ནག་ཉེས་ལ་ཆམ་ཕབ་གཏོང་བ་དང་པཱ་ཞིའི་ཆབ་སྲིད་མགོ་ཁྲིད་པ་མང་བོར་བཀག་སྡོམ་བྱེད་ཐབས་སྤྱོད་པ། ཉོ་ཚོང་དང་སྒོ་ཁྲལ་སོགས་གྲོས་གཞི་མང་བོ་འདུས་ཡོད་ཟེར།

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཁོ་དང་ལུའུ་ལཱ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་མོལ་ཅིག་གི་ཁྲོད་འབྲེལ་བ་བཙུགས་པ་དང་། དེ་ལས་མ་འོངས་པའི་དུས་ཡུན་རིང་བོའི་གྲོས་མོལ་བཟང་བོར་རྨང་གཞི་བཏིངས་ཡོད། གསར་དུ་བཙུགས་པའི་གྲོགས་པོའི་འབྲེལ་བ་དེ་ལས་གྲུབ་འབྲས་བཟང་བོ་གང་མང་ཐོབ་སྲིད་ལ། ཁོས་ཕྱོགས་གཉིས་ཀྱིས་གང་མགྱོགས་སྒོས་ཡང་བསྐྱར་ཐུག་འཕྲད་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

པཱ་ཞིའི་སྲིད་འཛིན་བཞུགས་ཤག་གིས་ཚེས2ཉིན་སྤྱི་བསྒྲགས་སྤེལ་ཏེ་བཤད་རྒྱུར། ལུའུ་ལཱ་ཡིས་ཉིན་དེར་ཐི་ལིང་ཕུའུ་ལ་ཁ་པར་བཏང་སྟེ། ཨ་མེ་རི་ཁའི་བར་མཉམ་ལས་བྱས་ནས་རྒྱལ་སྤྱིའི་རྩ་འཛུགས་ཡོད་པའི་ནག་ཉེས་ལ་ཆམ་ཕབ་གཏོང་བའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། རྒྱལ་ཁོངས་བརྒལ་བའི་ནག་ཉེས་བྱ་འགུལ་ལས་པཱ་ཞི་ལ་ཤུགས་རྐྱེན་ཐེབས་ཡོད་པའི་ཚུལ་བསྟན། ཐི་ལིང་ཕུའུ་ཡིས་པཱ་ཞིའི་བར་མཉམ་ལས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་རྩ་འཛུགས་ཡོད་པའི་ནག་ཉེས་ལ་ཆམ་ཕབ་གཏོང་བར་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

ལུའུ་ལཱ་ཡིས་ཨ་མེ་རི་ཁ་ཕྱོགས་ཀྱིས་ཤ་རིགས་དང་འཚིག་ཇ། སིལ་ཏོག་སོགས་པཱ་ཞི་ནས་ཨ་མེ་རི་ཁར་ཕྱིར་གཏོང་བྱས་པའི་ཐོན་རྫས་ཀྱི་སྒོ་ཁྲལ་ཁ་སྣོན་བྱེད་པའི་ཆོད་དོན་རྩིས་མེད་དུ་བཏང་བར་དགའ་བསུ་ཞུས་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཐོན་རྫས་གཞན་པའི་སྒོ་ཁྲལ་གནད་དོན་ཐད་ནས་མུ་མཐུད་དུ་གྲོས་མོལ་བྱེད་དགོས་པའི་ཚུལ་བསྟན། ཕྱོགས་གཉིས་ཀྱིས་ཉེ་སྔོན་འབྲེལ་ཡོད་གྲོས་གཞིའི་ཐད་ནས་ཡང་བསྐྱར་གྲོས་མོལ་བྱེད་པར་འཐད་པ་བྱུང་།


བསོད་ནམས་ཚེ་རིང་གིས་བསྒྱུར།