
མའོ་ཨར་ཏའོ་ཝའི་སྲིད་འཛིན་སིང་ཏུའུ་ཡིས་ཚེས3ཉིན་རྒྱལ་ས་ཅི་ཞེ་ནཱ་ཝུའུ་ནས་བསྟན་དོན། ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གྲུབ་འབྲས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་རྒྱུར་རེ་སྒུག་བྱེད་བཞིན་ཡོད་ཟེར།
སིང་ཏུའུ་ཡིས་ཉིན་དེར་མའོ་ཨར་ཏའོ་ཝ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་གསར་བ་ཏུང་ཀྲི་ཧྭ་ཡིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བསྟན་དོན། མའོ་ཨར་ཏའོ་ཝ་ཡིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་པ་དང་། ཀྲུང་གོའི་བར་གྱི་ཞིང་ལས་དང་ནུས་ཁུངས། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོའི་བར་གྱི་ཞིང་ཞོར་ཐོན་རྫས་ཕྱིར་གཏོང་རྒྱ་བསྐྱེད་པ་དང་མི་གཞུང་བརྗེ་རེས་ཇེ་ཟབ་ཏུ་གཏོང་བར་རེ་བཞིན་ཡོད་ལ། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག མའོ་ཨར་ཏའོ་ཝ་དང་ཀྲུང་གོའི་འབྲེལ་བར་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་སྲིད་པར་ཡིད་ཆེས་ཡོད་ཟེར།
ཏུང་ཀྲི་ཧྭ་ཡིས་བསྟན་དོན། ཀྲུང་གོ་དང་མའོ་ཨར་ཏའོ་ཝ་ནི་སྲོལ་རྒྱུན་གྱི་གྲོགས་པོ་བཟང་བོ་ཡིན་ཞིང་། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་མཉམ་གནས་བྱས་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མའོ་ཨར་ཏའོ་ཝ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་པར་གཟེངས་བསྟོད་བྱེད་པ་དང་། མའོ་ཨར་ཏའོ་ཝ་ཕྱོགས་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་ཞུགས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་ནས་གྲོས་ཞིབ་བྱས་ཏེ་ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་འཆར་འགོད་གྲོས་གཞིར་གྲོས་འཆམ་བྱུང་བ་དང་། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལས་ཀྲུང་གོ་དང་མའོ་ཨར་ཏའོ་ཝའི་འབྲེལ་བར་གོ་སྐབས་སྔར་ལས་མང་བོ་དང་མཉམ་ལས་ཀྱི་བར་སྟོང་སྔར་ལས་ཆེན་པོ་སྐྲུན་ཐུབ། ཀྲུང་གོའི་ཕྱོགས་ཀྱིས་མའོ་ཨར་ཏའོ་ཝ་བར་གྱི་ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་བསྐྲུན་འདོད་ཡོད་ཟེར།
ཏུང་ཀྲི་ཧྭ་ནི་ཟླ11པའི་ཚེས6ཉིན་མའོ་ཨར་ཏའོ་ཝ་རུ་ཡོང་ནས་ལས་འགན་གསར་དུ་ཁུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།