
ཧིན་རྡི་ཉི་ཞི་ཡཱའི་དཔལ་འབྱོར་གཅིག་འདོམ་པུའུ་ཀྲང་ཨེ་ཨར་ལིང་ཅཱ་ཡིས་ཚེས4ཉིན་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡཱ་ཡིས་མི་ཐབས་རིག་ནུས་དེ་དཔལ་འབྱོར་འཕར་སྣོན་གྱི་གནད་འགག་སྒུལ་ཤུགས་སུ་བྱས་ཡོད་པ་དང་། ཀྲུང་གོའི་བར་གྱི་མི་ཐབས་རིག་ནུས་དང་གཞི་གྲངས་དཔལ་འབྱོར་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རེ་སྒུག་བྱེད་བཞིན་ཡོད་ཟེར།
ཨེ་ཨར་ལིང་ཅཱ་ཡིས་ཡཱ་ཅཱ་ཏཱ་ནས་སྤེལ་བའི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡཱའི་ཐོན་ལས་མཐུན་སྦྱོར་ཚོགས་ཆེན་སྟེང་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡཱ་རུ་མི་ཐབས་རིག་ནུས་ཀྱི་ཁེ་ལས་ཉེར་ལྔ་མ་གཏོགས་མེད་པས། མི་ཐབས་རིག་ནུས་ཀྱི་སྐྱེ་ཁམས་མ་ལག་མྱུར་དུ་འཛུགས་པར་རེ་བ་ཆེན་པོ་ཡོད། ཧིན་རྡུ་ཉི་ཞི་ཡཱ་ཡིས་ཀྲུང་གོའི་མི་ཐབས་རིག་ནུས་ཁེ་ལས་ནང་འགུག་བྱས་ནས། ས་གནས་རང་གི་མི་ཐབས་རིག་ནུས་ཁེ་ལས་འཚར་ལོངས་འབྱུང་བར་རོགས་འདེགས་བྱེད་པ་དང་། ཁྱད་པར་དུ་སློབ་གསོ་དང་སྨན་བཅོས། ཞིང་ལས་སོགས་ཁྱབ་ཁོངས་གཙོ་བོའི་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་བསྟུན་ནུས་མཐོར་འདེགས་གཏོང་བར་རེ་བཞིན་ཡོད་ཟེར།
སློབ་གསོའི་ཁྱབ་ཁོངས་ནས་ཧིན་རྡུ་ཉི་ཞི་ཡཱ་ཡིས་རྒྱལཡོངས་སུ་སློབ་གྲྭ་མང་བོར་རིག་ནུས་སྒོ་སམ་དང་མི་ཐབས་རིག་ནུས་ཀྱི་སློབ་ཁྲིད་མ་ལག་ཁྱབ་གདལ་དུ་བཏང་ནས་སློབ་གསོའི་སྤུས་ཚད་མཐོར་འདེགས་དང་སློབ་བྱོལ་གྱི་ཚད་ཇེ་དམའ་རུ་བཏང་ཡོད་ཟེར། ཨེ་ཨར་ལིང་ཅཱ་ཡིས་བསྟན་དོན། ཀྲུང་གོའི་ཁེ་ལས་བར་མཉམ་ལས་བྱས་ནས་ཀུན་ཕན་རང་བཞིན་གྱི་དྲ་ཐོག་སློབ་གསོའི་སྟེགས་བུ་བཙུགས་ཏེ། མཐའ་འཁོབ་ས་ཁུལ་གྱི་སློབ་མ་དང་ཕྱི་རྒྱལ་དུ་ལས་ཀ་བྱེད་པའི་མི་སྣས་ཀྱང་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་ཐུབ་པར་བྱེད་འདོད་ཡོད་ཟེར།
གཞི་གྲངས་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ཐད་ནས། ཧིན་རྡུ་ཉི་ཞི་ཡཱ་ཡིས་ཕྱེད་འདྲེན་གཟུགས་དང་ཉི་འོད་ནུས་པ། མཚོ་འོག་གི་སྐུད་ལམ། ལྷད་མེད་གཞི་གྲངས་ལྟེ་གནས་སོགས་ལས་གཞི་གལ་ཆེན་ལ་སྐུལ་འདེད་བཏང་སྟེ། ཐོན་ལས་འཕེལ་རྒྱས་ཐད་འདེགས་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།