མཱ་ཏུའུ་ལོ་ཡིས་དྲག་ཆས་འཐབ་རྩོད་ཀྱི་དམིགས་ཡུལ་ནི་ཞི་བདེ་ལ་སྲུང་སྐྱོབ་བྱེད་ཆེད་ཡིན་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཝེ་ནེ་ཙུའེ་ལཱའི་སྲིད་འཛིན་མཱ་ཏུའུ་ལོ་ཡིས་ཚེས4ཉིན་ཏང་ནང་ཁུལ་གྱི་མགོ་ཁྲིད་པའི་ཕྱོགས་བསྡུས་སྡེ་ཁུལ་བཀོད་འདོམ་པུའུ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ལན་འདེབས་སྐབས་བཤད་རྒྱུར། གལ་ཏེ་ཝེ་ནེ་ཙུའེ་ལཱ་ཡིས་དྲག་ཆས་འཐབ་རྩོད་བྱེད་དགོས་ན། དེའི་དམིགས་ཡུལ་ནི་ཞི་བདེ་སྲུང་སྐྱོབ་བྱེད་ཆེད་ཡིན་པ་ཁོ་ཐག་ཡིན་ཟེར།

མཱ་ཏུའུ་ལོ་ཡིས་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་བརྙན་འཕྲིན་ཁང་གི་ཐད་གཏོང་ལེ་ཚན་ནང་བསྟན་དོན། ཕྱི་དགྲའི་འཇིགས་ཉེན་མདུན་ནས་ཝེ་ནེ་ཙུའེ་ལཱའི་མི་དམངས་ཀྱིས་སྤོབས་པ་ཆེན་པོས་མེས་རྒྱལ་སྲུང་སྐྱོབ་བྱེད་ངེས་ཡིན། གལ་ཏེ་ དྲག་ཆས་འཐབ་རྩོད་མི་བྱེད་ཐབས་མེད་བྱུང་ན། དེ་ནི་མེས་རྒྱལ་དང་བདག་དབང་། པའོ་ཝེ་ཝ་ཨར་སྙིང་སྟོབས། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་སྲུང་སྐྱོབ་བྱེད་ཆེད་ཡིན་སྲིད་ཟེར།

ཝེ་ནེ་ཙུའེ་ལཱའི་སྲིད་འཛིན་ཏང་གཅིག་གྱུར་སྤྱི་ཚོགས་རིང་ལུགས་ཏང་རྩ་འཛུགས་ལས་དོན་གྱི་ཧྲུའུ་ཅི། ཅཱ་ལཱ་ཅཱ་སི་གྲོང་ཁྱེར་གྱི་ཧྲི་ཀྲང་མཱེ་ལོན་ཏི་སི་ཡིས་མཱ་ཏུའུ་ལོ་ལ་སྙན་ཞུ་བྱས་དོན། ཝེ་ནེ་ཙུའེ་ལཱའི་རྒྱལ་ཡོངས་ཁྱབ་ཁོངས་ཀྱི་སྡེ་ཁག་སོ་སོའི་ཕྱོགས་བསྡུས་སྡེ་ཁུལ་བཀོད་འདོམ་པུའུ་ཡི་འགན་ཁུར་བས་དམ་བཅའ་བཞག་སྟེ་ལས་འགན་ཁུར་ཡོད་པ་དང་། སྲིད་ཏང་དང་མི་དམངས་རྩ་འཛུགས་བྱེད་བཞིན་པའི་སྒང་ཡིན་ལ། བྱ་བ་དེ་མཚམས་འཇོག་མི་སྲིད། གལ་ཏེ་དྲག་ཆས་འཐབ་རྩོད་བྱེད་དགོས་ན། ཁོ་ཚོས་ཀྱང་མེས་རྒྱལ་སྲུང་སྐྱོབ་ཀྱི་ཆེད་དུ་འཐབ་འཁྲུག་བྱེད་ངེས་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།