
ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་དཔོན་རིགས་ཀྱིས་སྨྱན་བྱད་ལ་བསྟན་དོན། ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་གྲོས་མོལ་འཐུས་མིས་ཚེས5ཉིན་བསྟུད་མར་ཉིན་གཉིས་པར་ཧྥོ་ལོ་ལི་ཏཱ་མངའ་སྡེའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་མེད་ཨ་མུས་ནས་གྲོས་མོལ་བྱས་པ་དང་། མུ་མཐུད་དུ་ཨ་མེ་རི་ཁས་བཏོན་པའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཞི་བདེའི་འཆར་གཞིར་གྲོས་བསྡུར་བྱས།
ཨ་མེ་རི་ཁའི་ཨ་ཁི་ཞི་ཨོ་སི་གསར་འགྱུར་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པས་ཚེས4ཉིན་གྱི་དགོང་མོར་དུས་ཚོད་གཉིས་རིང་གྲོས་མོལ་བྱས་པ་དང་། ཚེས5ཉིན་གྱི་སྔ་དྲོར་མུ་མཐུད་དུ་གྲོས་མོལ་བྱས་ལ། ཚོད་དཔག་བྱས་ན་ཚེས6ཉིན་སྔར་བཞིན་གྲོས་མོལ་བྱེད་རྒྱུ་རེད། གྲོས་མོལ་ལ་ཞུགས་པའི་ཨ་མེ་རི་ཁའི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་དང་སྲིད་འཛིན་ཐི་ལིང་ཕུའུ་ཚང་གི་མག་པ་ཁུའུ་ཧྲི་ནཱ་གཉིས་ཀྱིས་ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ། ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཝུའུ་མཱེ་ལོ་ཧྥུའུ་སོགས་ལ་ཁོ་ཚོས་ཚེས2ཉིན་ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་དང་གྲོས་མོལ་བྱས་པའི་གནས་ཚུལ་དང་། ཕྱོགས་གཉིས་ཀྱི་འགལ་བ་མེད་པར་གཏོང་བའི་བསམ་ཕྱོགས་གསར་བ་མཚམས་སྦྱོར་ཞིབ་མོ་བྱས། ཨ་མེ་རི་ཁའི་དཔོན་རིགས་ཀྱིས་བསྒྲགས་པ་ལྟར་ན། ཚེས4ཉིན་གྱི་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་ཡོད་ཟེར།
མིག་སྔར་ཨ་མེ་རི་ཁ་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་གོང་གི་གྲོས་མོལ་དང་འབྲེལ་བའི་དཔོན་ཕྱོགས་ཀྱི་གནས་ཚུལ་གང་ཡང་སྤེལ་མེད།
ཝུའུ་ཁི་ལན་གྱི་སྲིད་འཛིན་གཞུང་སྒྲུབ་ཁང་གི་བློ་འདོན་པ་པའོ་ཏའོ་ལེ་ཡཱ་ཁི་ཡིས་ཚེས་ལྔ་ཉིན་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཕྱི་འབྲེལ་འཕེལ་རིམ་གྱི་ནང་དོན་མང་ཆེ་བ་ལྟག་རྒྱབ་ནས་སྤེལ་བ་ཡིན་ལ། ཨ་མེ་རི་ཁར་དངོས་གཉེར་གྱི་འཕེལ་རིམ་ཞིག་ཐོབ་ནས་འཐབ་འཁྲུག་མྱུར་མོར་མཇུག་སྒྲིལ་བར་འདོད་ན། ཕྱོགས་གཉིས་ཀྱིས་གྲོས་མཐུན་འགོད་པར་རེ་སྒུག་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།