2026ལོའི་རེ་འདུན་ཞེས་པའི་གླེང་སྟེགས་ནས་ཀྲུང་གོ་དང་ནེའུ་ཙེ་ལན་གྱི་རྒྱུན་མཐུད་འཕེལ་རྒྱས་དང་གསར་གཏོད་མཉམ་ལས་ལ་གྲོས་བསྡུར་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

2026ལོའི་རེ་འདུན་ཞེས་པའི་གླེང་སྟེགས་ཚེས5ཉིན་ནེའུ་ཙེ་ལན་གྱི་ཆེས་ཆེ་བའི་གྲོང་ཁྱེར་ཨོ་ཁི་ལན་ནས་སྤེལ། གླེང་སྟེགས་ལ་ཞུགས་པའི་ནེའུ་ཙེ་ལན་གྱི་ཆབ་སྲིད་ཚོང་དོན་རིག་པའི་ལས་རིགས་ཀྱི་འཐུས་མིས་ཀྲུང་གོ་དང་ནེའུ་ཙེ་ལན་རྒྱལ་ཁབ་གཉིས་ཀྱི་མ་འོངས་པའི་ལྷད་མེད་ནུས་ཁུངས་དང་ཚན་རྩལ་གསར་གཏོད། རྨང་གཞིའི་སྒྲིག་ཆས། ཉོ་ཚོང་འགྲོ་འོང་སོགས་ཐད་ཀྱི་མཉམ་ལས་ལ་རེ་སྒུག་ཆེན་པོ་བྱེད་པའི་ཚུལ་བསྟན།

ནེའུ་ཙེ་ལན་གྱི་ནོར་སྲིད་བློན་ཆེན་ཝེ་ལེ་སི་ཡིས་གཏམ་བཤད་སྤེལ་སྐབས་བསྟན་དོན། ཀྲུང་གོ་ནི་ནེའུ་ཙེ་ལན་གྱི་ཆེས་གལ་ཆེ་བའི་མཉམ་ལས་གྲོགས་པོ་ཞིག་ཡིན་པར་མ་ཟད། མ་འོངས་པའི་ལོ་འགའི་ནང་ནེའུ་ཙེ་ལན་ལ་རོགས་རམ་བྱས་ནས་འཕར་སྣོན་མངོན་འགྱུར་བྱེད་པའི་སྦས་ཤུགས་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་རྒྱུ་ཡིན་ཟེར། མི་གཞུང་འབྲེལ་གཏུགས་དང་དཔལ་འབྱོར་ཉོ་ཚོང་འགྲོ་འོང་། དེ་མིན་ལོ་མང་བོའི་མཉམ་ལས་བཅས་ནི་རྒྱལ་ཁབ་གཉིས་བར་ཡིད་ཆེས་གཉིས་ཕན་ཡོང་བའི་རྨང་གཞི་ཡིན། ཀྲུང་གོ་ནི་ནེའུ་ཙེ་ལན་གྱི་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོ་ཡིན་ལ། ནེའུ་ཙེ་ལན་ཕྱོགས་ཀྱིས་ཀྲུང་གོ་ནི་ཆེས་གནད་འགག་གི་གྲོགས་པོར་བརྩིས་ཡོད་ཟེར།

ནེའུ་ཙེ་ལན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝང་ཞའོ་ལུང་གིས་བསྟན་དོན། ཀྲུང་གོས་ནེའུ་ཙེ་ལན་གྲོགས་པོར་བརྩིས་ཡོད། ང་ཚོས་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ། མཉམ་ལས་གཙོར་འཛིན། དམངས་ལ་ཕན་བདེ་བསྐྲུན་པ་བཅས་ཀྱི་རྨང་གཞིའི་སྟེང་། ནེའུ་ཙེ་ལན་བར་གྱི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་རྒྱ་བསྐྱེད་བྱེད་འདོད་ཡོད། ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ50ལྷག་འགོར་བའི་རིང་ལ། ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག ཀྲུང་གོ་དང་ནེའུ་ཙེ་ལན་གྱི་འབྲེལ་བས་རྒྱལ་སྤྱིའི་གནས་བབ་འགྱུར་ལྡོག་གི་ཉམས་སད་ཐེག་ཡོད་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ནུབ་ཕྱོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་བར་འབྲེལ་བ་ཆེས་བཟང་བོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ངེས་པ་དོན་གྱི་ཁེ་ཕན་བསྐྲུན་ཡོད་ཟེར།

ཝང་ཞའོ་ལུང་གིས་བལྟས་ན། རྒྱལ་ཁབ་གཉིས་ཀྱི་ལྷད་མེད་ནུས་ཁུངས་དང་ཚན་རྩལ་གསར་གཏོད། རྨང་གཞིའི་སྒྲིག་ཆས། དེ་མིན་མཉམ་དུ་ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ལ་སྲུང་སྐྱོབ་བྱེད་པའི་ཐད་དུ་མཉམ་ལས་གང་ལེགས་བྱེད་པར་སྦས་ཤུགས་ཆེན་པོ་ཡོད་པར་འདོད།

གླེང་སྟེགས་སྟེང་། ནེའུ་ཙེ་ལན་གྱི་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་འཐུས་མིས་ཀྲུང་གོ་དང་ནེའུ་ཙེ་ལན་རྒྱལ་ཁབ་གཉིས་ཀྱི་མི་ཐབས་རིག་ནུས་དང་གསར་གཏོད་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ནས་གྲོས་བསྡུར་བྱས་པ་དང་། ཚོང་དོན་ལས་རིགས་དང་དངུལ་ཁང་ལས་རིགས་ཀྱི་འཐུས་མིས་རྒྱལ་ཁབ་གཉིས་ཀྱི་རྨང་གཞིའི་སྒྲིག་ཆས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ནས་གྲོས་བསྡུར་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།