ཁུ་པཱའི་མང་ཚོགས་ཀྱིས་འདུ་ཚོགས་བསྡུས་ནས་ཝེ་ནེ་ཙུའེ་ལཱ་ལ་རྒྱབ་སྐྱོར་དང་ཨ་མེ་རི་ཁའི་དམག་དོན་འཇིགས་ཉེན་ལ་རྒོལ་གཏམ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཁུ་པཱའི་ལས་རིགས་སོ་སོའི་མང་ཚོགས་སྟོང་ཕྲག་ལྷག་གིས་ཚེས6ཉིན་རྒྱལ་ས་ཧཱ་ཝ་ནཱ་ནས་འདུ་ཚོགས་བསྡུས་ཏེ། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱར་དམིགས་པའི་དམག་དོན་འཇིགས་ཉེན་དང་བཀག་སྡོམ་བྱེད་ཐབས་ལ་རྒོལ་གཏམ་བཏང་བར་མ་ཟད། ཝེ་ནེ་ཙུའེ་ལཱ་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས།

ཁུ་པཱའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཨ་མཱ་ལོས་ལེ་ཡིས་འདུ་ཚོགས་སྟེང་བཤད་རྒྱུར། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱར་བཀག་སྡོམ་བྱས་པ་ཐུན་མོང་གི་མནའ་གཅོད་ཅིག་ཡིན་པ་དང་། ལྟོགས་སྡུག་ལ་བརྟེན་ནས་མགོ་སྒུར་མྱོང་མེད་པའི་མི་རིགས་ཤིག་ལ་མགོ་སྒུར་དུ་འཇུག་འདོད་པ་རེད་ཟེར། ཨ་མཱ་ལོས་ལེ་ཡིས་བསྟན་དོན། དུག་རྫས་ལྐོག་འཚོང་སྡེ་ཚོགས་ཞེས་པ་དེ་ཨ་མེ་རི་ཁ་བཙན་རྒྱལ་རིང་ལུགས་ཀྱི་སྣང་བ་ཙམ་ཡིན་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་དེར་འབྲེལ་གྱི་ཁུངས་ལུང་ཅི་ཡང་འདོན་སྤྲོད་བྱེད་ཐབས་མེད་ཟེར།

ཁུ་པཱའི་གསོ་རིག་ཆེད་མཁས་པ་ལོ་ཏི་ལི་ཀི་སི་ཡིས་ཨ་མེ་རི་ཁའི་སྲིད་གཞུང་གིས་ཉེན་ཁ་ཆེ་ཞིང་རྒྱུན་མཐུད་ཀྱི་འཐབ་འཁྲུག་རིམ་འཕར་བྱ་སྤྱོད་སྤེལ་བར་རྒོལ་གཏམ་བཏང་བར་མ་ཟད། ཉེ་རབས་ལོ་རྒྱུས་ལས་གླེང་ཕྱོགས་དེ་ཇི་ལྟར་རྫུན་གཏམ་གྱིས་ཁ་ལོ་བསྒྱུར་ནས། བཙན་འཛུལ་དང་ཐོན་ཁུངས་འཕྲོག་ལེན། ཤི་རྨས་བཅས་ཀྱི་རྣམ་པར་འཕེལ་འགྱུར་བྱུང་བ་ང་ཚོར་ཤེས་སུ་བཅུག་ཡོད་ཟེར། ལོ་ཏི་ལི་ཀི་སི་ཡིས་གྲོས་མོལ་ལ་བརྟེན་ནས་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་གྱི་ཞི་བདེ་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། རྩོད་གླེང་གང་ཡིན་ཡང་ངེས་པར་དུ་ཕན་ཚུན་བརྩི་འཇོག་དང་བདག་དབང་གྲོས་མོལ་རྨང་གཞིར་བྱེད་དགོས་པ་ལས་གནོན་ཤུགས་བྱིན་ནས་དྲག་ཤུགས་འཇིགས་སྐུལ་བྱེད་མི་རུང་བ་ནན་བཤད་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།